ཉེ་ཆར་རྒྱ་ནག་པེ་ཀིང་ནས་ཡིན་པའི་ཁྲིམས་རྩོད་པ་ཤོ་ཡུའུ 小于律师 དང་། ཧིང་ཏུའུ 黄迪全律师 གཉིས་ཀྱིས་སྣེ་འཁྲིད་འོག ཁྲིམས་རྩོད་པའི་རུ་ཁག་ཅིག་གིས་ལྷ་ས་དང་། ཉིང་ཁྲི་སོགས་ཀྱི་ཞིང་འབྲོག་ས་ཁུལ་དུ་ཡོང་སྟེ་གཞུང་དང་སྒེར་གང་རུང་གིས་ལས་འཆར་སྣ་མང་གི་བྱེད་སྒོ་ཞིག་ཚོགས་ནས་ས་ཆ་བཙན་འཕྲོག་བྱས་པ་དང་བཙན་གྱིས་གནས་སྤོ་བཏང་བ། དེ་བཞིོན་གུན་གསབ་དངུལ་མ་སྤྲད་པ་སོགས་ལ་རོགས་རམ་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག དེ་ཡང་ཁྲིམས་རྩོད་པས་སྒེར་གྱི་དྲ་ཚིགས་ནས་འགྲེལ་བརྗོད་བྱས་པར་ལྟར་ན། ཆབ་མདོ་སྟེང་ཆེན་རྫོང་གི་གཞུང་དང་མི་དམངས་བར་གྱི་ཁང་ས་དང་། འབྲོག་པ་མང་ཚོགས་ཀྱི་རྩྭ་སའི་རྩོད་རྙོག་གི་གནས་ཚུལ་ས་གནས་སྲིད་གཞུང་ལ་ཞུ་གཏུགས་བྱས་ཡོད་པ་དང་། གཞུང་ངོས་ནས་ཁྲིམས་ལུགས་ལྟར་ཉིན་ཉི་ཤུའི་རྗེས་སུ་གློག་འཕྲིན་དང་ཁ་པར་གང་རུང་བརྒྱུད་ནས་ལན་འདེབས་བྱ་རྒྱུའི་ཐག་གཅོད་བྱས་འདུག་ཀྱང་། དེ་སྔོན་ཁྲིམས་རྩོད་པ་མེད་སྐབས་གཞུང་ལ་ས་གནས་ཁྲོད་ས་ཆའི་བདག་དབང་གི་སྐོར་ཞུ་གཏུགས་ཇི་ཙམ་བྱས་ཀྱང་ངོས་ལེན་བྱས་མེད་པ་བརྗོད་འདུག མ་ཟད་ཁྲིམས་རྩོད་པས་ཉིང་ཁྲི་ས་ཁུལ་དུ་གཞུང་དང་ཁེ་ལས་བས་སོ་སོའི་ཁེ་ཕན་ཆེད་ཞིང་འབྲོག་ཁུལ་དུ་འཛུགས་སྐྲུན་སྣ་ཚོགས་བྱས་ཏེ། རྩྭ་སར་གནོད་སྐྱོན་ཆེན་པོ་བཏང་ཡོད་པ་དང་དོ་བདག་ལ་ཁྲིམས་མཐུན་གྱི་ཁེ་དབང་། དེ་བཞིན་གུན་གསབ་འོས་འཚམ་མི་སྤྲོད་པར་དབང་ཤེད་བེད་སྤྱོད་བྱས་ནས་བཟོ་གྲྭ་སོགས་ཀྱི་ལས་གཞི་རྒྱུན་འཁྱོངས་བྱེད་བཞིན་ཡོད་སྟབས། ས་གནས་མང་ཚོགས་ཀྱི་འཚོ་རྟེན་ལ་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་ཁྲིམས་རྩོད་པས་འགྲེལ་བརྗོད་བྱས་འདུག རྩ་བའི་བོད་ཀྱི་དུས་བབ་གསར་ཁང་གིས་ཉེ་ཆར་སྤེལ་བའི་འབྲེལ་ཡོད་གནས་ཚུལ་ཞིག་གི་ནང་གསལ་ལྟར་ན། རྒྱ་ནག་པེ་ཅིན་ནས་ཡིན་པའི་ཁྲིམས་རྩོད་པ་ཏུང་ཕུང་གིས་སྣེ་འཁྲིད་པའི་ཁྲིམས་རྩོད་པའི་རུ་ཁག་ཅིག་གིས། བོད་ཀྱི་མཚོ་སྔོན་པོའི་འབྲོག་ཁུལ་དུ་ཡོང་སྟེ་འབྲོག་མང་གི་རྩྭ་ས་བཙན་འཕྲོག་དང་བཙན་གྱིས་གནས་སྤོ་བཏང་བ། གུན་གསབ་དངུལ་མ་སྤྲད་པ་སོགས་ལ་རོགས་རམ་བྱེད་བཞིན་ཡོད་པ་འཁོད་འདུག སྤྱིར་ཕྱི་ལོ ༢༠༢༦ ལོའི་ཕྱི་ཟླ་ ༡ ཚེས་ ༢༢ ཉིན་ UN Human Right འམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཚན་པས་བོད་དང་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་སྐོར་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་གསལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༠ ནས་ ༢༠༢༥ བར་གྱི་བོད་མིའི་གནས་སྤོའི་སྲིད་ཇུས་ནང་། བོད་མི་ས་ཡ་ ༣་༣༦ ལ་ཤུགས་རྐྱེན་ཐེབས་ཡོད་པ་དང་། ཉུང་མཐར་བོད་མི་ ༩༣༠༠༠༠ ལྷག་ས་གནས་གཞན་དུ་གནས་སྤོ་བཏང་ཡོད་སྐོར་བཀོད་འདུག དེ་བཞིན་ཕྱི་ལོ་ ༢༠༢༤ ལོར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༡༦ ནས་ད་བར་བོད་མི་གྲངས་ ༧༠༩༠༠༠ (བརྒྱ་ཆ་༧༦) ལྷག་གནས་སྤོ་བྱས་ཟིན་ཡོད་པ་དང་། དེའི་ཁོངས་ནས་བོད་མི་གྲངས་ ༡༤༠༠༠༠ ལྷག་གྲོང་ཚོ་དང་ལྷན་དུ་གནས་སྤོ་བཏང་ཡོད་པ། མི་གྲངས་ ༥༦༧༠༠༠ ལྷག་གི་ཁྱིམ་ཚང་རེ་རེ་ནས་བཙན་གྱིས་གནས་སྤོ་བྱས་བཅུག་ཡོད་པས། ཕྱི་ལོ་ ༢༠༢༥ བར་རྒྱ་ནག་གཞུང་གིས་གནས་སྤོ་དང་འཛུགས་སྐྲུན་གྱི་སྲིད་ཇུས་དེའི་ཁོངས་ནས་བོད་ཀྱི་འབྲོག་པ་མང་ཚོགས་ས་ཡ་ ༣་༣༦ ཙམ་གྱི་འཚོ་གནས་ལ་དཀའ་ངལ་འཕྲད་ཉེན་ཡོད་པ་རེད་འདུག
The post ཁྲིམས་རྩོད་པས་བོད་ལྗོངས་ས་ཁུལ་གྱི་ཞིང་འབྲོག་གི་རྩྭ་ས་དང་ཁང་སའི་བདག་དབང་རྩོད་རོགས་བྱེད་བཞིན་འདུག appeared first on vot.





