༸གོང་ས་མཆོག་གིས་བོད་མི་རྣམས་རྒྱ་གར་གྱི་སློབ་མ་ཡིན་པ་བཀའ་སྩལ་བསྐྱར་ནན་མཛད་འདུག

3 months ago

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་མང་མཇལ་ཁྲོད་རྒྱ་གར་བ་གཅིག་ལ་༸སྟོན་པ་བཅོམ་ལྡན་འདས་རྒྱ་གར་བ་ཡིན་པ་དང་བོད་མི་རྣམས་རྒྱ་གར་ནང་བསྟན་རིག་གཞུང་གི་རྗེས་འབྲངས་སློབ་མ་ཡིན་པ་བཀའ་སྩལ་བསྐྱར་ནན་མཛད་འདུག དེ་ཡང་དེ་རིང་ཕྱི་ཚེས་ ༡༣ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་སྤེལ་བའི་མང་མཇལ་བརྙན་ཐུང་ནང་།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར། བོད་རིགས་དང་འབྲུག་པ་སོགས་དད་ལྡན་བཞི་བརྒྱ་ཙམ་ལ་མཇལ་ཁ་སྩལ་འདུག་པ་དང་། སྐབས་དེར་༸གང་ཉིད་མཆོག་གིས་རྒྱ་གར་བ་གཅིག་ལ་༸སྟོན་པ་བཅོམ་ལྡན་འདས་ནི་རྒྱ་གར་བ་ཡིན་པ་དང་། བོད་མི་རྣམས་རྒྱ་གར་ནང་བསྟན་རིག་གཞུང་གི་རྗེས་སུ་འབྲངས་མཁན་ཞིག་ཡིན་དུས་རྒྱ་གར་གྱི་སློབ་མ་ཡིན་པ་བཀའ་སྩལ་འདུག   མ་ཟད་༸མགོན་པོ་མཆོག་ནས་མཇལ་ཁའི་ཁྲོད་བོད་རིགས་བྱིས་པ་ཞིག་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གཟུང་སྔགས་ལྗགས་ལུང་སྩལ་བ་དང་འབྲེལ།  ཨ་ར་པ་ཙ་ན་དྷི་ཞེས་པ་དེ་བཞིན་༸གང་ཉིད་མཆོག་ནས་ཉིན་ལྟར་བགྲང་གི་ཡོད་པ་དང་།  དེས་ཤེས་རབ་འཕེལ་བ་དང་རིག་པ་གསལ་པོ་ཆགས་ཀྱི་ཡོད་སྐོར་བཀའ་སྩལ་འདུག   རྩ་བའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་སྔོན་མའི་ཕྱི་ཚེས་ ༡༢ ཉིན་རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཀྲ་ཀའི་མངའ་སྡེའི་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནང་དུ་རྟེན་གཞི་བྱས་པའི་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་།  ཁ་སང་ཕྱི་ཚེས་ ༡༢ ཏེ། ༸གང་ཉིད་མཆོག་ཁུལ་དེར་སྐུ་བཞུགས་མཛད་ནས་ཟླ་བ་གཅིག་ཏག་ཏག་འཁོར་བའི་དུས་བཟང་ཁྱད་པར་ཅན་ཞིག་ཆགས་ཡོད་པ་རེད།  དེ་འབྲེལ་ཁ་སང་སྔ་དྲོ་༸གོང་ས་མཆོག་གློ་བུར་དུ་གྲྭ་ཚང་གི་གསོལ་ཐབ་ཁང་དུ་ཆིབས་བསྒྱུར་བསྐྱངས་པའི་གོ་སྐབས་དང་བསྟུན།  གསོལ་ཐབ་པ་རྣམས་ནས་༸གང་ཉིད་མཆོག་ལ་ Cake སྤྲི་གོར་ཞིག་འདེགས་འབུལ་ཞུས་ཡོད་པ་རེད་འདུག

The post ༸གོང་ས་མཆོག་གིས་བོད་མི་རྣམས་རྒྱ་གར་གྱི་སློབ་མ་ཡིན་པ་བཀའ་སྩལ་བསྐྱར་ནན་མཛད་འདུག appeared first on vot.

Original Article