༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

3 months ago

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་གྷི་རེ་མི་ཡི་རོལ་མོའི་གཟེངས་རྟགས་ཐོབ།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording

དེ་རིང་ཕྱི་ཚེས་ ༢ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཚེས་ ༡ ཉིན་འཛམ་གླིང་ནང་སྙན་གྲགས་ཆེ་བའི་གྷི་རེ་མི་རྒྱལ་སྤྱིའི་རོལ་དབྱངས་གཟེངས་རྟགས་སྤྲོད་པའི་མཛད་སྒོ་སྐབས་ ༦༨ པ་འཚོགས་ཡོད་ཅིང་། སྐབས་དེར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བྱམས་སྙིང་རྗེ་དང་ཞི་བདེའི་གསུང་སྐད་ལྡན་པའི་རོལ་དབྱངས་ཤིག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོག་མ་དེ་ཐོབ་ཡོད་པ་རེད།

གཟེངས་རྟགས་དེ་དང་འབྲེལ་ནས་དགའ་ལྡན་ཕོ་བྲང་གི་དྲ་ཚིགས་སྟེང་༸གོང་ས་མཆོག་གིས།  ངོས་ནས་དགའ་སྤྲོ་དང་གུས་ཞབས་ཀྱི་སྒོ་ནས་གཟེངས་རྟགས་འདི་དང་ལེན་ཞུས་པ་ཡིན། ངོས་ནས་གཟེངས་རྟགས་འདི་ནི་ངོས་སྒེར་ལ་ཐོབ་པ་ཞིག་མིན་པར་ང་ཚོ་ཐུན་མོང་གི་ཡོངས་ཁྱབ་འགན་འཁྲི་ལ་ངོས་འཛིན་ཞུས་པར་མཐོང་གི་ཡོད། ངོས་ཀྱིས་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་དང་ཁོར་ཡུག་གཅེས་སྐྱོང་། སྙིང་རྗེ་དང་ཞི་བདེ་བཅས་ནི་འགྲོ་བ་མི་ཐེར་འབུམ་བརྒྱད་ཀྱི་བདེ་དོན་སྤྱི་ལ་མེད་དུ་མི་རུང་བ་ཞིག་ཡིན་པར་ཡིད་ཆེས་ཟབ་མོ་ཡོད། གཟེངས་རྟགས་འདིས་ངོས་ཀྱི་འཕྲིན་ཡིག་དག་ཁྱབ་སྤེལ་ཆེ་རུ་གཏོང་བར་ཕན་ཐོགས་ཀྱི་ཡོད་པས་ངོས་རང་དགའ་པོ་བྱུང་། ཞེས་གསུངས།

༸གོང་ས་མཆོག་གི་རོལ་དབྱངས་བརྩམས་ཆོས་དེ་ནི། འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁྲི་དང་ཞི་གནས།  བྱམས་བརྩེ་དང་ཞི་བདེ་སོགས་༸གོང་ས་མཆོག་གི་བཀའ་སློབ་ཀྱི་སྙིང་བོ་དག་གཞས་དབྱངས་གསར་པ་བརྒྱུད་ནས་མི་རྣམས་ལ་སྐུལ་མ་གཏོང་གི་ཡོད་པ་ཞིག་ཡིན་འདུག་ལ། རོལ་དབྱངས་བརྩམས་ཆོས་དེའི་ནང་དུ་ཆུ་ཚོད་ ༡༠༠ ལྷག་གི་༸གོང་ས་མཆོག་གི་བཀའ་སློབ་དང་གསུང་བཤད་སོགས་སྒྲ་འཇུག་བྱས་ཡོད་པ་རེད།

༸གོང་ས་མཆོག་གི་རོལ་མོའི་བརྩམས་ཆོས་དེ་ཕྱི་ལོ་ ༢༠༢༥ ཟླ་ ༨ པའི་ནང་ཐོག་མར་འགྲེམས་སྤེལ་བྱས་པ་དང་། འདས་ལོའི་ཟླ་ ༡༡ ནང་གྷི་རེ་མི་ཡི་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ་ཚུད་ཡོད། བརྩམས་ཆོས་དེ་ནི་ཕྱི་ལོ་ ༢༠༠༩ ཙམ་ནས་རྒྱ་གར་གྱི་རོལ་མོའི་སྒྱུ་རྩལ་བ་ཨམ་ཇཱ་ཨ་ལི་ཁན་ (Amjad Ali Khan ) ལགས་དང་ཀ་བྷིར་སེ་གྷལ་(Kabir Sehgal) ལགས་གཉིས་ཀྱིས་བཟོ་བསྐྲུན་བྱེད་མགོ་བཙུགས་པ་ཞིག་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

Original Article