དེ་རིང་ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༤ ཚེས་ ༢༢ ༸རྒྱལ་བའི་བླ་གཟའ་དང་བསྟུན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྡ་ས་མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་་དང་བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པ་གཉིས་ཐུན་མོང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། དེ་ཡང་དེ་རིང་སྔ་དྲོ་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་ཆེ་བློ་བཟང་བསམ་གཏན་མཆོག་དབུ་བཞུགས་ཀྱིས་སྔ་དྲོ་ཕྱག་ཚོད་ ༨།༣༠ ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་འབྲེལ་ཡོད་བརྟན་བཞུགས་ཀྱི་འགན་འཁུར་བ་རྣམས་ཀྱིས་སྤོས་སྣེ་སྤྱན་འདྲེན་དང་ཕྱི་ནང་གི་དད་ལྡན་སེར་སྐྱ་སྟོང་ཕྲག་བརྒལ་བས་ཕེབས་བསུ་གཟབ་རྒྱས་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་ཞབས་སོར་འཁོད་མཚམས་སུ་བརྟན་བཞུགས་ཀྱི་ཆོ་ག་དངོས་གཞི་དབུ་འཛུགས་དང་སྦྲགས། རྡོ་རྗེ་སློབ་དཔོན་མཆོག་གིས་དབུས་པའི་འབྲེལ་ཡོད་རྣམས་ནས་མནྜལ་དང་སྐུ་གསུང་ཐུགས་རྟེན་མཚོན་པའི་འབུལ་རྫས་འདེགས་འབུལ་ཞུས་སོང་། ཐེངས་འདིའི་བརྟན་བཞུགས་ཐོག་བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་གྱི་ཚོགས་མི་ ༢༧༥ ལྷག་དང་རྡ་ས་མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་མི་ ༡༨༠ ལྷག་མཉམ་ཞུགས་གནང་ཡོད་འདུག དེ་རིང་གི་བརྟན་བཞུགས་དང་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་དབུས་མདོ་སྟོད་ཆོལ་ཁའི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཝ་ཧོ་བསྟན་འཛིན་ལགས་དང་གློ་སྒྲིག་འཛུགས་ཀྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བྱམས་པ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་ཡོད་ལ། དེ་བཞིན་དེ་རིང་བརྟན་བཞུགས་སྐབས་ཆེད་ཕེབས་གནང་བའི་གློ་སྒྲིག་འཛུགས་ཀྱི་དམག་ཟུར་དང་ཚོགས་མི། དེ་བཞིན་རྡ་ས་དབུས་མདོ་སྟོད་ཆོལ་ཁའི་ཁོངས་ཀྱི་ཚོགས་མི་ཁག་གཅིག་དང་ལྷན་དུ་བཅར་འདྲི་ཞུས་ཡོད། རྩ་བའི་ཁ་སང་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྡ་ས་དབུས་མདོ་སྟོད་ཆོལ་ཁ་དང་གློ་སྒྲིག་འཛུགས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་གཙོས་པའི་ཚོགས་བཅར་བ་ ༡༨༠ ལྷག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་མ་ཟད། མཇལ་བཅར་ཁྲོད་མདོ་སྟོད་ཆོལ་ཁའི་ངོས་ནས་མགོན་པོ་༸གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་༸གོང་ས་མཆོག་བོད་ནས་རྒྱ་གར་ལ་བྲོལ་བྱོལ་སྐབས་ཀྱི་པར་རིས་འཁོད་པའི་བོད་ཀྱི་ས་ཁྲ་བཟོ་སྐྲུན་གནང་བ་ཞིག་དྲན་རྟེན་གྱི་ཚུལ་དུ་འབུལ་བཞེས་གནང་ཡོད་པ་རེད་འདུག མཛད་འཆར་ལྟར་ན་གནངས་ཉིན་ཚེས་ ༢༤ ཉིན་བལ་ཡུལ་དང་རྒྱ་གར་ནང་དུ་ཡོད་པའི་བཙུན་དགོན་གྲངས་ ༡༤ ཐུན་མོང་གི་ངོས་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྐུའི་གོ་སྟོན་དང་བསྟུན་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད།
The post ༸གོང་ས་མཆོག་ལ་དབུས་མདོ་སྟོད་ཆོལ་ཁ་དང་གློ་སྒྲིག་འཛུགས་གཉིས་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ། appeared first on vot.





