སང་ཕྱི་ཟླ་ ༤ ཚེས་ ༢༢ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྡ་ས་མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པ་གཉིས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད། དེ་ཡང་སང་ཉིན་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་ཆེ་ཉང་པོ་བློ་བཟང་བསམ་གཏན་མཆོག་ནས་གནང་རྒྱུ་དང་། བརྟན་བཞུགས་ཐོག་ཚོགས་པ་གཉིས་ཐུན་མོང་ནས་དམིགས་བསལ་གྱི་སྒྲོལ་དཀར་གྱི་སྐུ་བརྙན་ཞིག་འབུལ་མཚན་དུ་འབུལ་བཞེས་གནང་རྒྱུ་མ་ཟད། སང་ཉིན་གྱི་བརྟན་བཞུགས་ཆེད་དུ་རྡ་ས་མདོ་སྟོད་ཆོལ་ཁའི་ཁོངས་ནས་མི་གྲངས་ ༨༠ ལྷག་དང་། བལ་ཡུལ་སྤོག་ར་གློ་སྒྲིག་ཚོགས་པ་ནས་མི་གྲངས་ ༣༠༠ ཙམ་ཆེད་ཕེབས་གནང་གི་ཡོད་པ་རེད་འདུག ལྷག་པར་དུ་དེ་རིང་ཕྱི་ཚེས་ ༢༡ ཉིན་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྡ་ས་མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་བལ་ཡུལ་སྤོག་ར་གློ་སྒྲིག་བདེ་དོན་ཚོགས་པའི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་གཙོས་པའི་ཚོགས་བཅར་བ་ ༡༨༠ ལྷག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་པ་མ་ཟད། མཇལ་བཅར་ཁྲོད་རྡ་ས་མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་མགོན་པོ་༸གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་༸གོང་ས་མཆོག་བོད་ནས་རྒྱ་གར་ལ་བྲོལ་བྱོལ་སྐབས་ཀྱི་པར་རིས་འཁོད་པའི་བོད་ཀྱི་ས་ཁྲ་བཟོ་སྐྲུན་གནང་བ་ཞིག་དྲན་རྟེན་གྱི་ཚུལ་དུ་འབུལ་བཞེས་གནང་ཡོད་པ་རེད་འདུག མཇལ་ཁ་གྲུབ་མཚམས་འདི་གའི་གསར་འགོད་པས་རྡ་ས་མདོ་སྟོད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་ཝ་ཧོ་བྟན་འཛིན་ལགས་དང་ཚོགས་གཞོན་ཚེ་རིང་དབྱངས་འཛོམས་ལགས་གཉིས་སུ་བཀའ་འདྲི་ཞུས་ཡོད། མ་ཟད་དེ་རིང་གི་མང་མཇལ་ཁྲོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་དད་ལྡན་པ་གཅིག་གིས་ཞེ་སྣང་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་ཐད་བཀའ་འདྲི་ཞུས་པར། ༸གང་ཉིད་མཆོག་གིས་བཀའ་ལན་ཁྲོད། བསམ་བློ་རྒྱ་ཆེ་ས་ནས་བཏང་ན་སེམས་ལྷོད་ལྷོད་ཡོང་གི་རེད་ཅེས་དང་། ང་ཚོས་སེམས་ཅན་ཐམས་ཅད་ཞེས་ཚད་མེད་བཞིའི་སྐོར་བཀའ་སྩལ་དང་འབྲེལ། ༸གང་ཉིད་མཆོག་ཀྱང་གང་ཟག་སྒེར་གཅིག་ཡིན་ནའང་བསམ་བློའི་ནང་སམེས་ཅན་ཐམས་ཅད་ཀྱི་འཁུར་བཞེས་ཀྱི་ཡོད་པ་བཀའ་སྩལ་འདུག རྩ་བའི་དེང་སང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་རེས་གཟའ་ཟླ་བ་ནས་སྤེན་པ་འཆར་ཅན་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དད་ལྡན་པ་གཙོས་པའི་ཕྱི་རྒྱལ་མི་སྣ་མཇལ་བཅར་བ་བརྒྱ་ཕྱག་འགའ་ཤས་ལ་མང་མཇལ་སྩལ་གནང་གི་ཡོད་པ་ལྟར། ཁ་སང་ལྟ་བུ་མཚོན་ན་༸མགོན་པོ་མཆོག་གིས་མཇལ་བཅར་བ་ ༣༦༠ སྐོར་ལ་མང་མཇལ་ཁྲོད་དད་ལྡན་པ་ཁག་གཅིག་ལ་༸གང་ཉིད་མཆོག་གི་ཤེས་རབ་དེ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་དང་འབྲེལ་བ་ཡོད་པ་མ་ཟད། ༸གོང་ས་མཆོག་གི་སྐུ་ཚེ་འདི་བོད་རིགས་ཙམ་མ་ཡིན་པར་འགྲོ་བ་མི་ཚང་མ་ལ་ཞབས་འདེགས་བསྒྲུབ་བསམ་པའི་ཐུགས་སྨོན་བསྐྱོན་གྱི་ཡོད་པ་བཀའ་སྩལ་ཡོད་པ་རེད། ལྷག་པར་དུ་མཇལ་བཅར་ཞུ་མཁན་ཁོངས་སུ་བོད་རིགས་གཞོན་སྐྱེས་རང་ཤི་རྒྱབ་རྩིས་ཐེངས་གཉིས་ཙམ་བྱེད་མཁན་ཞིག་ལ་མགོན་པོ་༸གང་ཉིད་མཆོག་གིས། ང་རང་ཚོ་རྒྱ་ཆེ་ས་ནས་བསམ་བློ་བཏང་ན་འཛམ་བུ་གླིང་གི་སེམས་ཅན་མང་པོ་ཞིག་དཀའ་ངལ་ནང་ཚུད་ཡོད་པ་གང་ལྟར་ཡང་། ང་རང་ཚོ་བོད་རིགས་ལ་ཆ་བཞག་ན་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ། འཕགས་པ་སྤྱན་རས་གཟིགས་བཅས་དུས་རྟག་ཏུ་དྲན་ཐུབ་ཡག་ཅིག་ཡོད་དུས། གཞན་དང་ཏོག་ཙམ་མི་འདྲ་བ་ཞིག་ཆགས་ཀྱི་ཡོད་པ་བཀའ་སྩལ་འདུག་ལ། ཡང་བོད་རིགས་ཞོན་སྐྱེས་གཞན་ཞིག་ལ་ལོ་སྐག་དང་འབྲེལ་བའི་བར་ཆད་སྐོར་དང་འབྲེལ། སྐག་ནི་བསམ་བློ་གཏོང་སྟངས་ཤིག་ཡིན་པ་དང་། དེ་ནི་རྟེན་ངན་གྲོགས་སུ་འཁྱེར་ཞེས་དང་། སྤྱིར་བཏང་སྐག་ཞེས་རྩིས་སྲོལ་ཡོད་པ་གང་ལྟར་ཡང་དེ་ནི་དགེ་བ་སྒྲུབ་ཡག་གི་སྐུལ་མ་ལ་འགྲོ་ཡག་ཅིག་ཡིན་པ་བཀའ་སྩལ་ཡོད་པ་རེད།
The post ༸གོང་ས་མཆོག་ལ་སང་ཉིན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། appeared first on vot.





