ཐའེ་ཝན་ནང་གི་ནང་པའི་འདུ་འཛོམས་ཆེན་མོར་བོད་བརྒྱུད་ནང་བསྟན་གྱི་སྐུ་ཚབ་མཉམ་ཞུགས་ཐད་བཅར་འདྲི།

4 hours ago

ཕྱི་ཟླ་ ༥ ཚེས་ ༡༠ ཉིན་ཐའེ་ཝན་ནང་དུ་བདག་ཅག་གི་སྟོན་པ་སངས་རྒྱས་ཀྱི་འཁྲུངས་སྐར་དུས་ཆེན་དང་། མ་ཡུམ་དུས་ཆེན། Tzu Chi ཚུ་ཅི་ཐེབས་རྩ་ཚོགས་པ་དབུ་བརྙེས་ནས་ལོ་ ༦༠ འཁོར་བའི་དུས་ཆེན་བཅས་དུས་ཆེན་གསུམ་འཛོམས་ཀྱི་དགའ་སྟོན་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། དུས་ཆེན་དེ་ལོ་ལྟར་ Tzu Chi Foundation ནས་གོ་སྒྲིག་གནང་གི་ཡོད་པ་རེད་འདུག དུས་ཆེན་དེ་སྔ་དྲོ་ཐའེ་ཝན་ཤར་ཕྱོགས་ཧཱའ་ལེན་དང་། དགོང་དྲོ་རྒྱལ་ས་ཐའེ་པེའི་རང་དབང་ཐང་ཆེན་དུ་ཚོགས་ཡོད་པ་རེད་འདུག དགོང་དྲོའི་མཛད་སྒོའི་ཐོག་རྒྱ་བརྒྱུད་ནང་བསྟན་དང་བོད་བརྒྱུད་ནང་བསྟན། ལྷོ་བརྒྱུད་ནང་བསྟན་བཅས་ཀྱི་བླ་ཆེན་དང་། དགེ་འདུན་པ་ཁྱོན་ ༦༠༠ ལྷག་དང་། ཐའེ་ཝན་གྱི་སྲིད་འཛིན་ William Lai ཝི་ལི་ཡཱམ་ལཡི་མཆོག་དང་། ནང་སྲིད་བློན་ཆེན། ཁོར་ཡུག་བློན་ཆེན་སོགས་གཞུང་འབྲེལ་ལས་བྱེད། མངའ་སྡེའི་བློན་ཆེན་དང་འབྲེལ་ཡོད་ལས་བྱེད། དེ་བཞིན་འཛམ་གླིང་རྒྱལ་ཁབ་ ༡༣༩ ཙམ་ནས་ཕེབས་པའི་ Tzu Chi ཚུ་ཅི་ཐེབས་རྩ་ཚོགས་པའི་ཚོགས་མི། ཕྱི་ནང་ས་ཁུལ་གང་ས་ནས་ཕེབས་པའི་དད་ལྡན་མང་ཚོགས་ཁྲི་ཚོ་བརྒལ་བ་ནས་ལྷན་འཛོམས་གནང་ཡོད་པ་རེད་འདུག ད་རེས་ Tzu Chi ཚུ་ཅི་ཐེབས་རྩ་ཚོགས་པའི་གདན་ཞུ་ལྟར་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཞོན་མཁན་པོ་ངག་དབང་མཁས་གྲུབ་ལགས་དང་དགེ་བཤེས་ཐུབ་བསྟན་ནོར་བུ་ལགས་རྣམ་གཉིས་ཀྱིས་སྣེ་ཁྲིད་ཏེ། བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཁག་ཅིག་མཛད་སྒོར་དུ་མཉམ་ཞུགས་གནང་བ་ཡོད་པ་མ་ཟད། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཁན་པོ་ཚེ་དབང་རིག་འཛིན་ལགས་ཀྱང་སྔ་དྲོར་ཐེ་ཝན་ཧཱའ་ལེན་དང་། དགོང་དྲོ་རྒྱལ་ས་ཐའེ་པེའི་ནང་དུ་ Tzu Chi ཚུ་ཅི་ཐེབས་རྩ་ཚོགས་པའི་མཛད་སྒོར་མཉམ་ཞུགས་གནང་འདུག ལྷག་པར་ཐེངས་འདིའི་མཛད་སྒོའི་ཐོག་༸སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་གཙོས་པའི་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་ཁག་ཅིག་ཕེབས་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ནས་གནད་དོན་དེ་དང་འབྲེལ་ནས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཁན་པོ་ཚེ་དབང་རིག་འཛིན་ལགས་སུ། ནང་པའི་དུས་ཆེན་གྱི་འདུ་འཛོམས་དེའི་ངོ་སྤྲོད་དང་། བོད་བརྒྱུད་ནང་བསྟན་གྱི་སྐུ་ཚབ་མཉམ་ཞུགས། དུས་ཆེན་མཛད་སྒོ་ཇི་ལྟར་སྲུང་བརྩི་ཞུ་ཡི་ཡོད་པ། ཁུལ་དེར་བོད་བརྒྱུད་ནང་བསྟན་དང་ཆོས་བརྒྱུད་གཞན་བར་གྱི་འབྲེལ་ལམ། དེ་ལྟ་བུའི་འདུ་འཛོམས་ནང་བོད་བརྒྱུད་ནང་བསྟན་གྱི་སྐུ་ཚབ་མཉམ་ཞུགས་གི་གནད་འགག་ཇི་ཡོད་སྐོར་བཀའ་འདྲི་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ།

The post ཐའེ་ཝན་ནང་གི་ནང་པའི་འདུ་འཛོམས་ཆེན་མོར་བོད་བརྒྱུད་ནང་བསྟན་གྱི་སྐུ་ཚབ་མཉམ་ཞུགས་ཐད་བཅར་འདྲི། appeared first on vot.

Original Article