དཔལ་ས་སྐྱ་ཁྲི་འཛིན་ ༤༣ ཛྙཱན་བཛྲ་རིན་པོ་མཆོག་གིས་ཁེན་བྷེ་རར་གནས་སྡོད་བོད་མི་རྣམས་ལ་བཀའ་སློབ་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས ༢༩ ཉིན་ཁེན་བྷེ་རར་གསར་བཞེངས་གནང་བའི་དཔལ་ས་སྐྱའི་ཞི་བདེའི་གཙུག་ལག་ཁང་ (Sakya Peace Temple) དུ་དཔལ་ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙཱན་བཛྲ་རིན་པོ་ཆེ་མཆོག་གིས་ས་གནས་གནས་སྡོད་བོད་མི་རྣམས་ལ་བཀའ་སློབ་གནང་ཡོད།
དེ་ཡང་སྐབས་དེར་དཔལ་ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙཱན་བཛྲ་རིན་པོ་ཆེ་མཆོག་གིས་མི་ལུས་རིན་ཆེན་སྐོར་བཀའ་སློབ་གནང་ཞིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ནང་པའི་བླ་ཆེན་རྣམས་ཀྱིས་བཀའ་སློབ་ལམ་སྟོན་བཞིན་བྱམས་སྙིང་རྗེ་དང་། བཟང་སྤྱོད་སྒོམ་པའི་ཐོག་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱེལ་དགོས་པ་གསུངས།
དེ་ནས་རིན་པོ་ཆེ་མཆོག་གིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་ཕྱོགས་ཀྱི་ལམ་སྲོལ་བཅས་སྲུང་སྐྱོབ་དགོས་གལ་དང་། ཕ་མས་ཕྲུ་གུར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་དགོས་པ། དེ་བཞིན་སྤྱི་ཚོགས་ནང་ཁུལ་ཆིག་སྒྲིལ་དང་། འཆམ་མཐུན་དགོས་པའི་ནན་སྐུལ་གནང་ཡོད།
སྐབས་དེར་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་སྐུ་ཚབ་དོན་ཁང་གི་ལས་འགན་དང་བྱེད་སྒོ་ཁག་ངོ་སྤྲོད་གནང་བ་དང་སྦྲགས། རིན་པོ་ཆེ་མཆོག་གིས་བདུན་གཅིག་རིང་ཞི་བདེ་དགོན་དུ་བཀའ་སློབ་དང་རྗེས་གནང་བཀའ་དྲིན་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།
དེ་རྗེས་ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་གཡུ་རྒྱལ་ལགས་ཀྱིས་ཚོགས་པའི་ལས་གཞི་སྤེལ་བ་ཁག་གི་སྐོར་ངོ་སྤྲོད་སྙིང་བསྡུས་གནང་ཡོད་པ་བཅས།།





