མངའ་རིས་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་།
མངའ་རིས་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་གནང་འདུག
ཕྱི་ལོ་ ༢༠༢༦ ཟླ་བ་ ༤ ཚེས་ ༧ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་གི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་ནས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་གནང་འདུག
མཇལ་ཁ་གྲུབ་མཚམས་སུ་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་དགེ་བཤེས་བློ་བཟང་ཡོན་ཏན་ལགས་ལ་བཅར་འདྲི་ཞུས་པར། ཁོང་གིས་ད་རེས་ཀྱི་མཇལ་ཁའི་དམིགས་ཡུལ་གཙོ་བོ་ནི། ༧སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་གི་ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་པའི་ཆེད་དུ་ཞབས་རིམ་བསྒྲུབ་དགོས་རིགས་དང་། མ་འོངས་པར་ཡང་སྲིད་བརྩད་འཚོལ་གནང་ཕྱོགས་སྐོར་ལ་ལམ་སྟོན་དགོངས་སྐོར་ཞུ་ཆེད་ཡིན་པ་གསུངས་བྱུང་།
ཐེངས་འདིའི་མཇལ་ཁར་དགོན་ཁག་བརྒྱད་དང་མངའ་རིས་ཁམ་ཚན་བཅས་ཀྱི་སྐུ་ཚབ་རྣམ་པ་ཆེད་བཅར་ཞུས་ཡོད་པ་དང་། དགེ་བཤེས་ལགས་ཀྱིས་མངའ་རིས་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་ཕེབས་དགོས་པའི་གལ་གནད་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་བྱུང་།





