ཚད་མ་རྣམ་འགྲེལ་གྱི་གཞུང་ནས་བསྟན་པའི་རིག་པའི་ལམ་དེ་དག་ཕན་ཐོགས་ཆེན་པོ་ཡོད་པ་བཀའ་སྩལ།

3 months ago

དེ་རིང་ཕྱི་ཟླ་ ༡ ཚེས་ ༡༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་། ལྡི་ལི་བོད་ཁང་གི་ལམ་རིམ་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭ་ལ་ཕེབས་པའི་རྒྱལ་ཁབ་ ༢༦ གི་སློབ་གཉེར་བ་ ༢༣༧ གཙོས་པའི་དད་ལྡན་ ༤༠༠ ལྷག་ལ་མཇལ་ཁ་སྩལ་བ་དང་འབྲེལ། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་ཚད་མ་རྣམ་འགྲེལ་གྱི་གཞུང་ནས་བསྟན་པའི་རིག་པའི་ལམ་དེ་དག་ཕན་ཐོགས་ཆེན་པོ་ཡོད་པ་བཀའ་སྩལ་འདུག དེ་ཡང་མཇལ་ཁའི་སྐབས། ༸གོང་ས་མཆོག་གིས་བོད་གངས་ཅན་གྱི་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་ཆེན་པོ་ཡོད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་སྐུ་ན་ཆུང་དུས་ལྷ་སའི་ཇོ་བོ་མཇལ་རྒྱུ་སོགས་སངས་རྒྱས་ལ་དད་པ་རྩེ་གཅིག་ཏུ་ཡོད་པ་མ་ཟད། ཕྱག་དཔེ་གཟིགས་ཏེ་སློབ་གཉེར་མཛད་པའི་སྐབས་ཚད་མ་རྣམ་འགྲེལ་གང་འཚམ་གཟིགས་ཡོད་ཅིང་། འགག་བཞག་སྤོང་གསུམ་ལ་ཐུགས་སྣང་ཆེན་པོ་མཛད་ཡོད་ཅེས་བཀའ་སྩལ་འདུག དེ་བཞིན་དེང་སང་འཛམ་གླིང་ནང་ཆོས་ལུགས་འདྲ་མིན་དང་། ཆོས་ཁས་མི་ལེན་མཁན། ཆོས་ལུགས་ལ་སྐྱོན་བརྗོད་བྱེད་མཁན་ཁྲོད། ཚད་མ་རྣམ་འགྲེལ་གྱི་གཞུང་ནས་བརྟག་དཔྱད་བྱ་རྒྱུའི་ཐབས་ལམ་བསྟན་པ་དེ་ཕན་ཐོགས་ཆེན་པོ་ཡོད་པ་གང་ལྟར་ནང་ཆོས་ཀྱི་གཞུང་ནས་རྨོངས་དད་མིན་པར་བརྟག་དཔྱད་བྱས་ནས་འགྲོ་རྒྱུའི་ལམ་སྟོན་དེ་དག་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་སྩལ་འདུག མ་ཟད་རང་ལུགས་བཞག་པ་དང་གཞན་ལུགས་འགག་པ་ཞེས་པ་དེ་སེམས་ལ་ངེས་པ་རྙེད་རྒྱུ་ཡོད་ཅིང་། ཡིན་ལུགས་མིན་ལུགས་གོ་བསྡུར་བྱས་ནས་གཏན་ལ་ཕབ་པ་དེ་མདོར་དོན་སྙིང་པོ་སེམས་ལ་ཞི་བདེ་བཟོ་གི་ཡོད་ཅེས་བཀའ་ནན་སྩལ་འདུག ལྷག་པར་འདས་པའི་ལོ་རྒྱུས་ཐུགས་དྲན་གསོ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནས་སེམས་ཞི་ལྷོད་ཡོང་རྒྱུ་དེ་གལ་ཆེན་པོ་ཞིག་ལ་གཟིགས་ཏེ། མའོ་ཙེ་ཏུང་ལའང་སེམས་ཞི་ལྷོད་བྱ་རྒྱུ་རྣམ་འགྱུར་བསྟན་ནས་མའོ་ཙེ་ཏུང་དགའ་པོ་ཞེ་དྲགས་བྱས་ཀྱི་འདུག་ཅེས་བཀའ་སྩལ་འདུག སྐབས་དེར་མའོ་ཙེ་ཏུང་གི་ཆོས་དེ་དུག་རེད་ཅེས་བརྗོད་པར། མགོན་པོ་༸གང་ཉིད་མཆོག་ནས་གང་ཡང་གསུངས་མེད་ཅེས་བཀའ་སྩལ་འདུག ནང་པ་སངས་རྒྱས་པའི་གཞུང་འདི་བཞིན་རིག་པའི་ཐོག་ནས་དཔྱད་པ་བྱས་ནས་འགྲོ་རྒྱུ་ཡོད་པ་དེ་ཧ་ཅང་རྩ་ཆེན་པོ་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་ནས་ཆོས་རབ་ཏུ་རྣམ་པ་འབྱེད་པའི་ཤེས་རབ་ཀྱི་ཐོག་ནས་དཔྱད་པ་ཤུགས་ཆེན་པོ་མཛད་དུས་ཚན་རིག་པ་དང་ལྷན་དུ་འབྲེལ་བ་ཡག་པོ་ཡོང་གི་ཡོད་པ་མ་ཟད། རྒྱ་གར་གྱི་ས་གནས་ཁག་ཏུ་ཕེབས་སྐབས་ནང་པའི་ལྟ་གྲུབ་སྐོར་གསུང་དུས་དོ་སྣང་བྱེད་མཁན་ཞེ་དྲགས་འདུག་ཅེས་བཀའ་སྩལ་འདུག ད་དུང་གལ་ཆེ་ཤོས་ནི་སེམས་ཀྱི་ཞི་བདེ་ཡིན་པ་དང་། མགོན་པ་༸གང་ཉིད་ཞོགས་པ་ཡར་བཞེངས་སྐབས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་མཛད་ཐུབ་པ་ཞིག་བྱུང་ན་སྙམ་པའི་སེམས་བསྐྱེད་དེའི་ཐོག་ནས་ཞི་བདེ་ཡོང་གི་འདུག་ཅེས་བཀའ་སྩལ་འདུག

The post ཚད་མ་རྣམ་འགྲེལ་གྱི་གཞུང་ནས་བསྟན་པའི་རིག་པའི་ལམ་དེ་དག་ཕན་ཐོགས་ཆེན་པོ་ཡོད་པ་བཀའ་སྩལ། appeared first on vot.

Original Article