འགྲོ་བ་མི་སྤྱི་ལ་ཕན་ཐོགས་བྱ་རྒྱུ་ནི་མི་ཚེའི་སྙིང་པོ་ཡིན་པ་བཀའ་སྩལ་བ།

1 month ago

དེ་རིང་ཕྱི་ཟླ་ ༤ ཚེས་ ༦ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཇལ་བཅར་བ་སོགས་དད་ལྡན་ ༣༨༠ སྐོར་ལ་མཇལ་ཁ་སྩལ་ཡོད་པ་དང་། མཇལ་ཁའི་སྐབས་འགྲོ་བ་མི་སྤྱི་ལ་ཕན་ཐོགས་བྱ་རྒྱུ་ནི་མི་ཚེའི་སྙིང་པོ་ཡིན་པ་བཀའ་སྩལ་འདུག དེ་ཡང་དེ་རིང་མཇལ་ཁའི་སྐབས་དེ་སྔོན་མི་ལོ་ ༢༠ གོང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ Hyderabad དུ་ཕེབས་སྐབས་མཇལ་མྱོང་ཡོད་པའི་རྒྱ་གར་བུད་མེད་ཅིག་གིས་རང་ཉིད་ཀྱི་མི་ཚེའི་དགོས་དོན་ཇི་ལྟར་རྙེད་པར་བྱ་དགོས་ཞེས་བཀའ་འདྲི་ཞུས་པར། མགོན་པོ་༸གང་ཉིད་མཆོག་གིས་སོ་སོ་གཅིག་པུ་མིན་པར་འགྲོ་བ་མི་སྤྱི་ལ་ཕན་ཐོགས་བྱ་དགོས་རྒྱུ་ནི་གལ་ཆེན་པོ་ཡིན་པ་བཀའ་སྩལ་དང་འབྲེལ། རྒྱ་གར་ལུང་པ་རྒྱ་ཆེན་པོ་ཡོད་སྟབས། སྤྱི་པའི་ལས་དོན་ལ་བསམ་བློ་གཏང་དགོས་གལ་ཡིན་པ། དཔེར་ན་མགོན་པོ་༸གང་ཉིད་མཆོག་བཙན་བྱོལ་དུ་བཞུགས་ཡོད་ཀྱང་བོད་སྤྱི་པར་ལ་བསམ་བློ་གཏང་དུས་ཕན་ཐོགས་འདུག་ཅེས་ལམ་སྟོན་བཀའ་དྲིན་ཆེན་བ་སྩལ་འདུག ཡང་མཇལ་ཁའི་ཁྲོད་ཁག་གཅིག་གིས་ཉིན་ལྟར་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པའི་གསོལ་འདེབས་ཞུ་བཞིན་ཡོད་པ་དང་། ཁག་གཅིག་གིས་མགོན་པོ་༸གང་ཉིད་མཆོག་གིས་བཀའ་སློབ་མཇལ་བར་མི་ཚེ་ནང་བདེ་སྐྱིད་ཡོང་གི་འདུག་ཅེས་སོགས་སྙན་སེང་ཞུས་འདུག དེ་བཞིན་མཇལ་ཞུ་བ་ཕྱི་རྒྱལ་གཞོན་སྐྱེས་གཅིག་གིས་མི་གཅིག་གིས་འཛམ་གླིང་ཞི་བདེའི་སླད་དུ་ཞབས་འདེགས་ཇི་ལྟར་གྲུབ་ཐུབ་ཀྱི་ཡོད་སྐོར་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་མི་གཅིག་ནི་སྤྱི་ཚོགས་ནང་གི་མི་ཞིག་ཡིན་དུས་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་བཀའ་སྩལ་བ་མ་ཟད། ཕྱི་རྒྱལ་བ་གཞན་ཞིག་གིས་འཛམ་གླིང་འདིའི་ནང་སྐྱེ་བ་བླངས་པའི་དགོས་དོན་ག་རེ་ཡིན་པའི་སྐོར་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་སོ་སོ་ག་ཡོད་ས་དེར་དངོས་ཡོད་གནས་ཚུལ་རན་པའི་ཐོག་ནས་མཉམ་ལས་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་སྩལ་འདུག མ་ཟད་བོད་པའི་གཞོན་སྐྱེས་བུ་མོ་ཞིག་གི་མགོན་པོ་༸གང་ཉིད་མཆོག་གིས་ད་བར་སྐུ་ལས་བསྐྱོན་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། སྐུ་ཚེ་འདི་ལ་བོད་ནང་ཕེབས་ཐུབ་པའི་སྨོན་འདུན་ཞུས་པར་༸གོང་ས་མཆོག་གིས་ཁྱེད་ཀྱི་རེ་འདུན་དེ་ཐུགས་འཇག་མཛད་ཀྱི་ཡིན་ཞེས་བཀའ་སྩལ་འདུག དེ་བཞིན་བོད་པའི་བྱིས་པ་ཞིག་གི་མགོན་པོ་༸གང་ཉིད་མཆོག་ནི་ང་ཚོའི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཡིན་པར་སྐུ་ཚེ་ཞབས་པད་བརྟན་པའི་གསོལ་འདེབས་ཞུས་འདུག

The post འགྲོ་བ་མི་སྤྱི་ལ་ཕན་ཐོགས་བྱ་རྒྱུ་ནི་མི་ཚེའི་སྙིང་པོ་ཡིན་པ་བཀའ་སྩལ་བ། appeared first on vot.

Original Article