རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་དགོངས་རྫོགས་མཆོད་འབུལ།
དེ་རིང་ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་དགོངས་ཚོགས་དང་བསྟུན། དགའ་ལྡན་ཕོ་བྲང་གི་བསྙེན་བཀུར་འོག་དེ་རིང་ཞོགས་པའི་ཆོུད་ ༦ པའི་ཐོག་དགའ་ལྡན་དུ་དགོངས་རྫོགས་མཆོད་འབུལ་ཚོགས་གནང་སོང་ལ། དེ་རིང་དགོང་དྲོར་འབྲས་སྤྲུངས་སུ་དགོངས་རྫོགས་མཆོད་འབུལ་ཚོགས་གནང་རྒྱུ་ཡིན་པ་རེད་འདུག རྩ་བའི་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ཕྱི་ལོ་ ༡༨༧༦ ལོར་དྭགས་སྨད་གླང་མདུན་དུ་ཡབ་ཀུན་དགའ་རིན་ཆེན་དང་ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། དགུང་ལོ་གསུམ་གྱི་ཐོག་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གིས་གཙུག་ཕུད་བཞེས་ཤིང་མཚན་ལ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ། དགུང་ལོ་བཞི་ལ་ཕེབས་པ་ས་ཡོས་ཕྱི་ལོ་ ༡༨༧༩ ལོར་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ་མཛད་པ་དང་། དགུང་ལོ་ ༢༠ ༧རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་ལུགས་གཉིས་ཆོས་སྲིད་གཉིས་ཀྱི་ཐུགས་འགན་གཙང་མ་བཞེས་ཤིང་། གཞུང་འབངས་ཡོངས་ནས་བླང་དོར་བྱེད་སྒོ་སྦུག་དམ་རྩ་ཚིག་དོན་ཚན་ལྔ་གསལ་བསྒྲགས་མཛད་པ་སོགས་ཀྱི་མཛད་རྗེས་མང་པོ་བསྐྱངས་གནང་མཛད་ཡོད།།





