༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༣ ཚེས་ ༠༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་གཉིས་ཀྱིས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུའི་མཇུག་བསྡོམས་མཛད་སྒོ་ཚོགས་ཡོད་ཅིང་། སྐབས་དེར་སྐུ་མགྲོན་དུ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། ཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཧི་ཀལ་བྷི་རེནྜ་ (Michael Brand) མཆོག ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཡི་རི་ཨོ་སྦར་ཕལ་ཛར་ (Jiří Oberfalzer) མཆོག ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་གཙོས་པའི་རྒྱལ་ཁབ་ ༣༢ ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༡༠༦ བཅས་ཚང་འཛོམས་ཐོག་མཇུག་བསྡོམས་མཛད་སྒོ་དབུ་འཛུགས་གནང་ཡོད།
དེ་ཡང་ཐོག་མར་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་བསྟན་འཛིན་དཔལ་མོ་ལགས་ཀྱིས་མཛད་སྒོ་གཙོ་སྐྱོང་གནང་ཡོད་པ་དང་། ཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཧི་ཀལ་བྷི་རེནྜ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་། སྐུ་ཞབས་བྷི་རེནྜ་མཆོག་གིས་འདིར་ཕེབས་པའི་རྒྱལ་ཁབ་དང་མི་རིགས་ཆེད་དུ་ཉིན་མཚན་མེད་པ་སྐུ་ལས་བསྐྱོན་མཁན་རྣམས་ལ་བསྔགས་བརྗོད་དང་སྦྲགས་ད་ལྟའི་འཛམ་གླིང་ནང་གཞི་རྩའི་འགྱུར་འགྲོས་ཆེན་པོ་འགྲོ་བཞིན་པ་དེར་དོ་སྣང་དགོས་གལ་ཡིན་པ་དང་། འགྱུར་འགྲོས་དེའི་ཁྲོད་རྒྱལ་ཁབ་དང་མི་རིགས་ཁག་གཅིག་ལ་དོ་ཕོག་སྤྲོད་ཀྱི་ཡོད་ཀྱང་ང་ཚོར་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱིན་རླབས་ཡོད། ཅེས་དང་།
ང་ཚོས་བོད་ནང་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་དེ་དག་རྒྱལ་སྤྱིའི་སྟེང་ཞུ་གཏུག་གནང་དགོས་ཀྱི་ཡོད་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། དེར་འཕྲད་བཞིན་པའི་དཀའ་ངལ་སྐོར་རྒྱལ་སྤྱིའི་ཐོག་གོ་རྟོགས་སྤེལ་དགོས་ཀྱི་ཡོད། རྒྱ་ནག་སྲིད་གཞུང་ནང་ཁུལ་ཉེན་ཁ་དང་བརྟན་ལྷིང་མེད་པ་རྒྱལ་སྤྱིའི་མངོན་གསལ་མཐོང་ཐུབ། ལྷག་པར་རྒྱ་ནག་གིས་ཧོང་ཀོང་མི་རིགས་དང་། རྒྱ་ནག་གི་མི་རིགས་བཅས་ལ་བྱེད་བཞིན་པའི་སྡུག་སྦྱོང་དང་མནར་གཅོད། དེ་བཞིན་རྒྱལ་མཚམས་ལས་བརྒལ་ཏེ་དྲག་སྤྱོད་བྱེད་བཞིན་དེ་དག་ནི་རྒྱ་ནག་གི་སྟངས་འཛིན་ཡག་པོ་མེད་པའི་རྟགས་མཚན་ཡིན། རྒྱ་ནག་གིས་ནང་ཁུལ་དབང་ཆའི་འཐབ་རྩོད་དང་རྩོད་རྙོག་དེ་ལས་ཁ་གཡོལ་ཏེ་ཕྱིའི་རྒྱལ་ཁབ་ལ་དྲག་རྒོལ་བྱེད་བཞིན་ཡོད། རྒྱ་ནག་ཆེད་དུ་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་ཕྱིའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པར་ཐེ་ཚོམ་མེད། ཅེས་གསུངས་ཏེ་རྒྱལ་སྤྱིའི་སྟེང་བོད་ཀྱི་ཐུན་མོང་མ་ཡིན་པ་དང་རྩ་ཆེ་བའི་རིག་གཞུང་ཐད་ཀྱི་དྲག་སྤྱོད་ལ་སེམས་འཚབ་དགོས་པའི་གནས་སྟངས་ཤིག་ཏུ་ལྷག་ཡོད་པ་དེ་ར་སྤྲོད་བྱ་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་གནང་།
དེ་བཞིན་ཁོང་གིས་རྒྱ་ནག་གིས་བོད་ཀྱི་ཕྲུ་གུ་རྣམས་རང་གི་ཕ་མ་དང་ཁ་བྲལ་བཏང་སྟེ་མི་སེར་སྤེལ་ཡུལ་གཏན་སློབ་ཁག་ཏུ་བཙན་འཇུག་བྱེད་བཞིན་པ་ནི་བོད་ཀྱི་རིག་གཞུང་དང་སྐད་སིམ་ཡལ་གྱི་སྲིད་བྱུས་ཡིན་པ་འགྲེལ་བརྗོད་གནང་མཐར་རྒྱལ་སྤྱིའི་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་འགྲོ་བ་མིའི་རིགས་དང་། རིག་གཞུང་། བྱམས་སྙིང་རྗེ་བཅས་ཀྱི་ཆེད་དུ་སྐུ་ལས་བསྐྱོན་པ་བཞིན་ཚང་མས་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུས་གནང་ཡོད།
དེ་རྗེས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཡི་རི་ཨོ་སྦར་ཕལ་ཛར་མཆོག་གིས་དམིགས་བསལ་གསུང་བཤད་གནང་སྐབས་ཁོང་གིས་ཕྱི་ལོ་ ༡༩༩༠ ལོར་ཅེཀ་ཀྱི་སྲིད་འཛིན་ཝ་ཀེ་ལེབ་ཧ་ཝེལ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་མགྲོན་འབོད་གནང་ཡོད་པ་དང་། ༸ཁོང་ནི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དང་འབྲེལ་བ་མེད་པའི་གལ་ཆེའི་སྐུ་མགྲོན་ཐོག་མ་ཡིན་ཞེས་འགྲེལ་བརྗོད་གནང་།
དེ་ནས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་བོད་དོན་དང་འབྲེལ་བའི་གནད་དོན་ཐོག་ཕྱག་ལས་གནང་མཁན་གཞུང་ཁོངས་མིན་པའི་ཚོགས་པ་བདུན་ཡོད་པ་ཁག་ངོ་སྤྲོད་གནང་བ་དང་། བོད་དོན་རྒྱབ་སྐྱོར་མཚོན་ཆེད་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཁག་ཏུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད་པ་གསུངས། སྐུ་ཞབས་ཨོ་སྦར་ཕལ་ཛར་མཆོག་གིས་བོད་དེ་རྒྱ་ནག་གིས་བཙན་བཟུང་བྱས་ཡོད་པ་ལས་རྒྱ་ནག་གི་ཆ་ཤས་མིན་ཞེས་འཛམ་གླིང་སྟེང་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་ཡིན། བོད་དང་རྒྱ་ནག་དབར་ཞི་བའི་གྲོས་མོལ་བྱ་ཐབས་ཐེངས་མང་བྱས་ཡོད་ཀྱང་རྒྱ་ནག་གིས་དེར་ཡ་ལན་མེད་པར་བོད་དེ་འཛམ་གླིང་ནས་རྩ་མེད་བཟོ་རྒྱུའི་ཐབས་ཤེས་བྱས་དང་བྱེད་མུས་ཡིན། ང་ཚོས་བྱ་སྤྱོད་དེ་དག་ལ་ངོ་རྒོལ་བྱེད་དགོས་པ་དང་། སོ་སོའི་སྒེར་གྱི་ཁེ་ཕན་ལ་མ་ལྟོས་པར་རྒྱ་ནག་ལ་ཁ་གཏད་གཅོག་དགོས་ཀྱི་ཡོད་ཅེས་གསུངས།
དེ་རྗེས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཚོགས་འདུའི་མཇུག་བསྡོམས་གསུང་བཤད་གནང་སྐབས་ཐོག་མར་གསུང་བཤད་པ་དང་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས། ཇར་མ་ནི་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ནི་འཛམ་གླིང་ལ་བདེན་རྟགས་ཀྱི་དྲན་རྟེན་ཞིག་ཡིན། ཁྱེད་རྣམ་པ་འདིར་ཕེབས་པ་དེས་འཛམ་གླིང་གི་གཉའ་གནོན་ཅན་གྱི་སྒྲིག་འཛུགས་གང་འདྲ་ཞིག་ཡིན་རུང་འཚེ་མེད་ཞི་བ་དང་དྲང་བདེན་གྱི་ནུས་པའི་འོག་ཕམ་ངེས་ཡིན་པའི་མཚོན་རྟགས་ཤིག་ཡིན་པ་མ་ཟད། འདིར་ཕེབས་པའི་རྒྱལ་ཁབ་ ༣༢ ཡི་སྐུ་ཚབ་ ༡༠༠ ལྷག་གིས་མཉམ་ཞུགས་གནང་བ་དེས་ང་ཚོར་བོད་དེ་གཅིག་པུ་མིན་པའི་དྲན་སྐུལ་སྤྲོད་ཀྱི་ཡོད་པ་གསུངས།
དེ་ནས་བཀའ་བློན་མཆོག་གིས་རྒྱ་ནག་གིས་བོད་ཀྱི་མི་རིགས་བཅས་པའི་ངོ་བོ་སིམ་ཡལ་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དང་། བོད་དང་བོད་མི་རྣམས་རྒྱ་ནག་གིས་ཉེན་ཁ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་། དེ་བཞིན་བོད་ཀྱི་ས་ཁམས་ཆབ་སྲིད་ཀྱི་གལ་གནད་དང་འཛམ་གླིང་གི་མི་འབོར་བཞི་ཆ་གཅིག་ཙམ་བོད་ནས་ཐོན་པའི་གཙང་པོ་ཁག་ལ་རྟེན་ཡོད་པས་བོད་རྒྱ་གཉིས་ཀྱི་རྩོད་རྙོག་དེ་བོད་ཀྱི་གནད་དོན་ཙམ་མིན་པར་རྒྱ་ནག་དང་འཛམ་གླིང་ཡོངས་ཀྱི་ཁེ་ཕན་ལ་ཐུག་ཡོད་ཅེས་གསུངས།
དེ་མཚུངས་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་རྒྱ་ནག་ནི་ད་ལྟའི་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ནའང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་དང་། བོད་ནང་དུ་ཡོད་པའི་བོད་མིའི་སྙིང་སྟོབས། དེ་བཞིན་འདིར་འཛོམས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ལྟ་བུའི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྟེང་ད་ལྟའང་གསོན་པོ་གནས་ཡོད། ཅེས་དང་། ང་ཚོས་ཐབས་བྱུས་ལྡན་པའི་ཐོག་ནས་ཞུ་གཏུག་བྱེད་དགོས་ཀྱི་ཡོད་ལ། རྒྱལ་ཁབ་ཀྱི་གྲོས་ཚོགས་ཁག་ཏུ་བོད་དོན་རྒྱབ་སྐྱོར་དེ་གཏན་འཇགས་ཀྱི་གྲོས་གཞིར་གནས་ཐུབ་པ། དེ་བཞིན་སྤྱི་ཚོགས་ཀྱི་བསམ་བློའི་ནང་བོད་ཀྱི་གནད་དོན་གསོན་གནས་ཐུབ་པར་འབད་བརྩོན་བྱེད་དགོས་ཀྱི་ཡོད་ཅེས་གསུངས་ཏེ་མཐར་བཀའ་བློན་མཆོག་གིས་ང་ཚོས་འདས་ཟིན་པའི་ལོ་རྒྱུས་བཅོས་ཐུབ་ཀྱི་མེད་ཀྱང་ང་ཚོར་མ་འོངས་པའི་ལོ་རྒྱུས་ཐོག་བོད་ཀྱི་འཐབ་རྩོད་དེ་གོད་ཆག་ཅིག་ལ་མིན་པར་ཞི་བདེ་དང་དྲང་བདེན་གྱི་རྒྱལ་ཁ་ཞིག་ཏུ་བཀོད་ཐུབ་པའི་ནུས་པ་ཡོད་ཅེས་གསུངས།
མཐར་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཐེངས་འདིའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་ལེགས་པར་མཇུག་སྒྲིལ་ཡོད་པ་བཅས།།






