༸སྐུའི་གོ་སྟོན་སྐབས་སུ་ཞི་བདེའི་རྒྱལ་སྲས་ཞེས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱིས་གླུ་གཞས་བླངས་བའི་རྐྱེན་གྱིས་འཛིན་བཟུང་བཙན་འཁྲིད་བྱས་པའི་བོད་ཀྱི་གླུ་བ་ཨ་སངས་ལགས་ཟླ་བ་འདིའི་ཚེས་ ༢༥ ཉིན་རང་ཁྱིམ་དུ་གློད་བཀྲོལ་བཏང་བའི་གནས་ཚུལ་ཐོན་འདུག ཨ་སངས་ལགས་ནི་བོད་རྔ་བ་རྫོང་བར་མ་ཡུལ་ཚོའི་ཀ་ཤུལ་རུ་ཁག་བཞི་པའི་ནག་ཚང་ཟེར་བའི་ཁྱིམ་ཚང་ནས་ཡིན་པ་དང་། སྔ་ལོ་༸སྐུའི་གོ་སྟོན་སྐབས་སུ་བོད་ཀྱི་ས་ཁུལ་ཡོངས་སུ་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེ་བྱས་པའི་ཁྲོད། ཁོང་དང་གྲོགས་པོ་དཔལ་སྐྱོང་གཉིས་ཀྱིས་ཞི་བདེའི་རྒྱལ་སྲས་ཞེས་པའི་གླུ་གཞས་བསྐྱར་ལེན་བྱས་པ་ལྟར། རྒྱ་གཞུང་ཉེན་རྟོག་པས་ཨ་སངས་ལགས་ཕྱི་ཟླ་ ༧ ཚེས་ ༨ ཉིན་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། ཕྱི་ཟླ་ ༨ པའི་འགོ་སྟོད་དུ་སྤྱི་ཚོགས་དྲྭ་རྒྱ་སོགས་བེད་སྤྱོད་ཆོག་གི་མེད་པའི་བཀོད་ཁྱབ་དང་བཅས་ལྟ་སྲུང་དམ་དྲག་ཤུགས་ཆེ་འོག་གློད་བཀྲོལ་བཏང་ཡོད་པ་དེ་ལྟར་ཡང་། ཉིན་ཤས་རྗེས་སླར་ཡང་འཛིན་བཟུང་གིས་འདས་པའི་ཟླ་དྲུག་ལྷག་ཙམ་རིང་གནས་སྟངས་གསལ་ཁ་མེད་པའི་ངང་རྒྱ་གཞུང་གི་བཙོན་ཁང་དུ་བཀག་ཉར་བྱས་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༡༠ ནང་ཁོང་གི་ནང་མི་རྣམས་ལ་ཁོང་དང་ཐུག་འཕྲད་བྱ་རྒྱུ་དུས་ཚོད་གཏན་འཁེལ་ཟིན་ཡང་དེ་ལྟར་ཐུག་འཕྲད་བྱེད་བཅུག་མེད་པ་རེད། འདི་ག་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁོང་ཟླ་བ་འདིའི་ཚེས་ ༢༥ རེས་གཟའ་ཉི་མའི་ཉིན་གློད་བཀྲོལ་བཏང་ཡོད་པ་དང་། གློད་བཀྲོལ་རྗེས་སུ་ལ་རྒྱ་དང་འབྲེལ་ཡོད་གླུ་གཞས། སྐད་ཆ། ཐད་གཏོང་སོགས་འགྲོ་མི་ཆོག་པའི་བཀའ་ཁྱབ་བཏང་འདུག འདི་གའི་གསར་འགོད་པས་འབྲེལ་ཡོད་ལ་ཁོང་གི་སྐུ་གཟུགས་གནས་སྟངས་སྐོར་ལ་བཀའ་འདྲི་ཞུ་སྐབས་གནས་སྐབས་ལུས་མི་བདེ་བའི་དཀའ་ངལ་ཅི་ཡང་མེད་ནའང་རྗེས་སུ་ཐེངས་འདིའི་བཙོན་འཇུག་གི་རྐྱེན་གྱིས་གཟུགས་ཁམས་མི་བདེ་བ་ཡོང་མི་སྲིད་པ་མ་རེད་ཅེས་འགྲེལ་བརྗོད་གནང་སོང་། རྩ་བའི་ཨ་སངས་ལགས་དང་གྲོགས་པོ་དཔལ་སྐྱོང་ལགས་གཉིས་ཀྱིས་སྔ་ལོ་གོ་སྟོན་སྐབས་སུ་བླངས་བའི་ཞི་བདེའི་རྒྱལ་སྲས་ཞེས་པའི་གླུ་གཞས་དེ་ཉིད་ཕྱི་ལོ་ ༢༠༠༦ ལོར་ཨ་རིག་མཆོད་རྟེན་ཐར་གྱི་ཚིག་བརྩམས་པ་དང་། བོད་ཁུལ་དུ་སྐད་གྲགས་ཆེ་བའི་གླུ་བ་ཤེར་བསྟན་ལགས་ཀྱིས་བླངས་བ་ཞིག་ཡིན་པ་དང་། གཞས་ཚིག་ནང་ལངས་ཚོ་ཨ་མདོ་ནས་འཁྲུངས་ཀྱང་། ཞབས་རྗེས་དབུས་གཙང་ལ་བཀོད་པ། །མཛད་འཕྲིན་འཕགས་ཡུལ་ནས་རྒྱས་པའི། །ཞི་བདེའི་རྒྱལ་སྲས་ཁྱེད་དྲན་གི་སོགས་འཁོད་ཡོད་པ་རེད། ཨ་སངས་ལགས་ནི་རྒྱ་ནག་གི་ Kuaishou ཞེས་པའི་སྤྱི་ཚོགས་དྲྭ་ལམ་ཏུ་མང་ཚོགས་འབུམ་གཉིས་ལྷག་གི་རྗེས་དེད་བྱས་པའི་གླུ་བ་གྲགས་ཅན་ཞིག་ཡིན་པ་དང་། ཁོང་རྒྱ་མིའི་ཉེན་རྟོགས་པས་འཛིན་བཟུང་བྱས་རྗེས་ཁོང་གཟའ་མི་གཉིས་ཀའི་ Kuaishou ནང་ཁ་བྱང་ཕྱིར་བསྡུ་བྱས་ཡོད་པ་རེད། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་སྔོན་ཁོང་དང་འབྲེལ་བའི་གནས་ཚུལ་བཀོད་པའི་ནང་། རྒྱ་གཞུང་གིས་གཞོན་སྐྱེས་སྒྱུ་རྩལ་བ་དང་བསམ་བློ་ཅན་ལ་འདི་ལྟ་བའི་བཙན་ཤེད་དོ་དམ་བྱེད་པ་དེ་ནི། དངངས་སྐྲག་ཆེ་བའི་རྒྱལ་ཁབ་ཚོས་ལག་བསྟར་བྱེད་པའི་འུ་ཐུག་ཐབས་ཟད་ཀྱི་ཐབས་ལམ་ཞིག་ཡིན་པ་ལས། རྒྱ་ནག་གིས་རང་ཉིད་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པར་སྒྲོག་བཞིན་པ་དང་རྩ་བ་ནས་མཐུན་གྱི་མེད་པ་གསུངས་ཡོད། གླུ་བ་ཨ་སངས་ལགས་ད་ཆ་རང་གི་ཕ་ཡུལ་རྔ་བ་ནང་ཡོད་པ་དང་། ཁོང་གིས་རང་གི་ཆུང་མ་ལྷ་མོ་ལགས་ཀྱི་མགྱོགས་འཕྲིན་བརྒྱུད་ལམ་ནས་ལོ་མང་པོ་རིང་དཀའ་ཁག་ལ་མ་འཛེམ་པར་འབད་བརྩོན་བྱས་པའི་གླུ་གཞས་ཆེད་བསྒྲིགས་རྨི་ལམ་གྱི་ཁ་སྟབས་ཟེར་བ་དྲ་ལམ་བརྒྱུད་ནས་འགྲེམ་སྤེལ་བྱ་རྒྱུ་ཡིན་པ་གསུངས་འདུག
The post རྔ་བ་རྫོང་ནས་ཡིན་པའི་ན་གཞོན་གླུ་བ་ཨ་སངས་ལགས་གློད་བཀྲོལ་བཏང་འདུག appeared first on vot.





