རྒྱ་གཞུང་གིས་འདས་པའི་ལོའི་ནང་བོད་ཁུལ་ཡོངས་སུ་ཆོས་ཕྱོགས་ཀྱི་གནང་སྒོ་དང་། མཆོད་འཇལ་སོགས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ལྷག་པར་འདི་ལོའི་ལོ་གསར་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་དམག་མི་ཕོན་ཆེ་བཏང་ཐོག བོད་ཁུལ་གྱི་དགོན་སྡེ་སོགས་ལ་མཆོད་འཇལ་འགྲོ་སྐབས་ཞིབ་བཤེར་ནན་མོ་བྱེད་བཞིན་པའི་གནས་ཚུལ་ཐོན་བཞོན་པའི་ཁྲོད། རྒྱ་གཞུང་གིས་སྲིད་གཞུང་གི་ལས་བྱེད་ཡིན་པའི་བོད་མི་རྣམས་དགོན་པའི་ནང་སྤྲོ་འཆམ་དང་ལྟ་སྐོར་དུ་འགྲོ་བ་མ་གཏོགས་མཆོད་མཇལ་དང་ཕྱག་འཚལ་བ་སོགས་དད་མོས་དང་འབྲེལ་བ་ཡོད་པའི་ལས་ཀ་སྣ་གཅིག་བྱེད་ཆོག་གི་མེད་པའི་བཀོད་ཁྱབ་བཏང་འདུག དེ་ཡང་འདི་ག་གསར་ཁང་ལ་འབྲེལ་ཡོད་ཅིག་གིས་བརྗོད་པ་ལྟར་ན། རྒྱ་གཞུང་གིས་ལྷ་སར་གནས་མཇལ་དང་དགོན་པར་མཆོད་མཇལ། དེ་བཞིན་ཕྱག་འཚལ་བ་སོགས་ཀྱི་ཆོས་ལུགས་ཀྱི་གནང་སྒོ་མཐའ་དག་ལ་དམ་དྲག་བྱེད་བཞིན་པ་དང་། ཐ་ན་རང་གི་ནང་མི་ཞིག་འདས་གྲོངས་སུ་གྱུར་ཀྱང་བདུན་ཚིགས་དང་། འདས་མཆོད། གཤིན་ཆོས་སྐབས་སུ་མཉམ་ཞུགས་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་འགྲེལ་བརྗོད་ཀྱིས་ཆོས་ལུགས་དང་འབྲེལ་བའི་རང་གི་ནང་གི་གནང་སྒོ་སོགས་ལའང་དམ་དྲག་སྔར་ལྷག་བྱེད་མུས་ཡིན་པ་འགྲེལ་བརྗོད་གནང་སོང་། མ་ཟད། བོད་ནང་གི་ལས་བྱེད་ཅིག་གིས་གསུང་རྒྱུར་རྒྱ་གཞུང་གིས་སྲིད་གཞུང་གི་ལས་བྱེད་ཡིན་པའི་བོད་མི་རྣམས་དགོན་པའི་ནང་སྤྲོ་འཆམ་དང་ལྟ་སྐོར་དུ་འགྲོ་བ་མ་གཏོགས་མཆོད་མཇལ་དང་ཕྱག་འཚལ་བ་སོགས་དད་མོས་དང་འབྲེལ་བ་ཡོད་པའི་ལས་ཀ་སྣ་གཅིག་བྱེད་ཆོག་གི་མེད་པའི་བཀོད་ཁྱབ་བཏང་ཡོད་པའི་རྐྱེན་རང་གི་ནང་མི་དང་། གཉེན་ཉེ་འདས་གྲོངས་སྐབས་སུ་ཐུག་འཕྲད་བྱེད་ཐུབ་ཀྱི་མེད་པའི་གནས་སྟངས་མངོན་གསལ་གྱིས། ལུས་སེམས་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་གསུངས་བྱུང་། དེ་བཞིན་ཁོང་ནས་སྲིད་གཞུང་གི་ལས་བྱེད་ནས་རྩ་དགོངས་ཞུ་འདོད་ཡོད་ནའང་རྩ་དགོངས་ཞུ་དགོས་པའི་རྒྱུ་རྐྱེན་ཆ་ཚང་གོང་རིམ་འགོ་ཁྲིད་ལ་སྙན་སེང་ཞུ་རྗེས་ཆོག་མཆན་ཐོབ་མིན་ཐེ་ཚོམ་ཡིན་པས། དེ་ཕྱིར་བོད་རིགས་ལས་བྱེད་མང་པོ་ཞིག་ཁུ་སིམ་སིམ་ངང་ས་གནས་གཞན་དུ་གནས་སྐོར་དང་མཆོད་མཇལ་དུ་འགྲོ་དགོས་པ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་སོང་། གཞི་རྩའི་ཉེ་བའི་ཆར་བོད་ལྗོངས་ལྷ་རི་རྫོང་། ལྷུན་འགྲུབ་རྫོང་། མལ་གྲོ་གུང་དཀར་རྫོང་། ཆབ་མདོ་རྗོང་། མགོ་ལོག རྔ་བ་ས་ཁུལ་དུ་གཞུང་འབྲེལ་ཐོག་ནས་བོད་ལོ་གསར་བ་ཚེས་སྐབས་རྒྱ་ནག་གཞུང་གི་ལས་བྱེད་བོད་པ་ཚོ་རང་གི་ནང་མི་མཉམ་དུ་དགོན་པའི་ནང་དུ་མཆོད་མཇལ་དུ་འགྲོ་མི་ཆོག་པ་དང་། གཞུང་ཞབས་ཀྱིས་ཆོས་ལུགས་ལ་དད་མོས་བྱེད་མི་ཆོག་པ། བླ་མ་ལ་དད་པ་བྱེད་མི་ཆོག དེ་བཞིན་ཆོས་ལུགས་ཀྱི་བྱེད་སྒོ་དང་། མི་རིགས་ཁ་བྲལ་གྱི་བྱེད་སྒོ་རིགས་ལ་རྒྱབ་སྐྱོར་དེ་བས་བྱེད་མི་རུང་བའི་སློབ་གསོ་བརྒྱབ་ཡོད་འདུག མ་ཟད་ཉེ་ཆར་རྒྱ་ནག་གཞུང་གིས་གུང་གསེང་སྐབས་བོད་ཀྱི་ས་ཕྱོགས་གང་སར་ན་ཆུང་བྱིས་པ་དགོན་པའི་ནང་དུ་འགྲོ་མི་ཆོག་པ་དང་བྱིས་པ་དགོན་པའི་ནང་དུ་འཁྲིད་པ་གཞུང་གིས་ཤེས་རྟོགས་འབྱུང་ན་ཉེས་ཆད་ཕོག་སྲིད་པའི་ཉེན་བརྡ་གཏོང་བཞིན་པའི་གནས་ཚུལ་སྤེལ་ཟིན་ཡོད་པ་མ་ཟད། རྒྱ་གཞུང་གིས་དེ་སྔོན་ལོ་ན་བཅོ་བརྒྱད་ལས་ཆུང་བའི་བྱིས་པ་རྣམས་དགོན་པར་ཞུགས་རྒྱུ་དང་གྲྭ་པ་ཚོས་སྐད་ཡིག་སློབ་ཁྲིད་གནང་རྒྱུ་བཀག་འགོག་བྱེད་པའི་དེ་སྔའི་སྲིད་བྱུས་ཇེ་ཤུགས་ཆེ་རུ་བཏང་བ་ཞིག་ཡིན་པ་དང་། ད་ཆ་བྱིས་པ་རྣམས་དགོན་པའི་ནང་དུ་འགྲོ་རྒྱུར་དེ་ལྟ་བུའི་དམ་དྲག་བྱས་པ་དེས་སྤྱི་ཚོགས་དང་དགོན་པའི་དབར་གྱི་སྲོལ་རྒྱུན་གྱི་འབྲེལ་བར་གནོད་སྐྱོན་གཏོང་གི་ཡོད་པའི་གནས་ཚུལ་ཐོན་དང་ཐོན་མུས་ཡིན་པ་རེད།
The post སྲིད་གཞུང་གི་ལས་བྱེད་ཡིན་པའི་བོད་མི་རྣམས་དད་མོས་དང་འབྲེལ་བ་ཡོད་པའི་ལས་ཀ་སྣ་གཅིག་བྱེད་ཆོག་མི་འདུག appeared first on vot.





