ཟླ་བ་འདིའི་ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིགས་ལས་ཁུངས་ཚོགས་ཁང་དུ། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་། ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་ ༡༣ པ་བསྐོང་ཚོགས་གནང་འདུག་པ་དང་། སྐབས་དེར་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གིས་ཚོགས་གཙོས་སློབ་མ་རྣམས་ལ་འཕྲོད་བསྟེན་གྱི་གོ་རྟོགས་དང་། བཟང་སྤྱོད་ཀྱི་སློབ་གསོ་སྤྲོད་དགོས་པའི་གལ་གནད་སྐོར་ངོ་སྤྲོད་གནང་འདུག མ་ཟད་ཁ་པར་དང་སྤྱི་ཚོགས་དྲ་རྒྱ་བདེ་སྤྱོད་བྱེད་རྐྱེན་སློབ་གྲྭ་དང་དགོན་སྡེ་ཁག་ནང་གི་སློབ་མའི་སློབ་སྦྱོང་ལ་ཤུགས་རྐྱེན་ངན་པ་ཐེབས་ཚད་ཆེ་རུ་འགྲོ་བཞིན་པའི་ཐད་སེམས་འཚབ་གསལ་སྟོན་གནང་འདུག དེ་ཡང་ལྷན་ཚོགས་དེའི་ཐོག་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་། ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། ཤེས་ལྷན་འགན་འཛིན་དྲུང་འཕར་བསྟན་འཛིན་པདྨ་ལགས། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་དྲུང་འཕར་བསྟན་འཛིན་རྡོ་རྗེ་ལགས། དྷ་ས་བོད་ཁྱིམ་གྱི་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་ངག་དབང་ལྷ་མོ་ལགས་སོགས་མི་གྲངས་ ༡༢ ལྷན་ཞུགས་གནང་འདུག སྐབས་དེར་ཚོགས་གཙོ་དགེ་བཤེས་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་ཀྱིས། བོད་པའི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་པར་གཙོ་བོ་བོད་པའི་སྐད་ཡིག་གི་སློབ་ཁྲིད་ཀྱི་ནུས་པ་གང་ལེགས་གཏོང་དགོས་པའི་གལ་གནད་སྐོར་ནན་བརྗོད་གནང་བ་དང་། བཙན་བྱོལ་དུ་གནས་པའི་བོད་པའི་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་ཆུ་ཚད་ཡར་རྒྱས་གཏོང་རྒྱུ་ནི་གལ་གནད་ཆེ་ཤོས་སུ་འཛིན་དགོས་པའི་སྐོར་གསུངས་འདུག མ་ཟད་ཁོང་གིས་ཤེས་ཡོན་ནི་འབྲི་ཀློག་ཁོ་ན་མིན་པར་སློབ་མ་རྣམས་ལ་འཕྲོད་བསྟེན་གྱི་གོ་རྟོགས་དང་། བཟང་སྤྱོད་ཀྱི་སློབ་གསོ་སྤྲོད་དགོས་པའི་གལ་གནད་སྐོར། དེ་བཞིན་ཁ་པར་དང་སྤྱི་ཚོགས་དྲ་རྒྱ་བདེ་སྤྱོད་བྱེད་རྐྱེན་སློབ་གྲྭ་དང་དགོན་སྡེ་ཁག་ནང་གི་སློབ་མའི་སློབ་སྦྱོང་ལ་ཤུགས་རྐྱེན་ངན་པ་ཐེབས་ཚད་ཆེ་རུ་འགྲོ་བཞིན་པར་སེམས་འཚབ་ཙམ་མ་ཟད། དེ་སྔོན་བསྐོང་ཚོགས་གནང་བའི་ལྷན་ཚོགས་ཀྱི་གྲོས་ཆོད་ལ་བསྐྱར་ཞིབ་སྐབས། བོད་པའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་སློབ་འཇུག་བྱེད་མཁན་ཉུང་དུ་འགྲོ་བཞིན་པས་སློབ་གྲྭའི་འཛིན་སྐྱོང་གི་འགྲོ་ལུགས་དང་། ཤེས་ཡོན་གྱི་ཐབས་ལམ་ལ་བསྐྱར་ཞིབ་གནང་དགོས་པའི་སྐོར། ཕྱོགས་མཚུངས་དགོན་སྡེ་ཁག་གི་ནང་དུའང་བོད་པའི་དགེ་འདུན་པ་འཛུལ་ཞུགས་བྱེད་མཁན་ཉུང་དུ་འགྲོ་བཞིན་པ་སོགས་འགྲེལ་བརྗོད་གནང་ཡོད་པ་རེད་འདུག དེ་བཞིན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས། ཤེས་ཡོན་ལྷན་ཚོགས་འདི་ཉིད་རང་དབང་ཅན་གྱི་སྡེ་ཚན་ཞིག་ཏུ་བཟོ་རྒྱུའི་འབད་བརྩོན་རིམ་པ་གནང་བའི་སྐོར་གསུངས་པ་འབྲེལ། བོད་པའི་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་ཆུ་ཚད་ཡར་རྒྱས་གཏོང་ཐབས་སླད་འགུལ་རིས་བརྒྱུད་སློབ་འཁྲིད་གནང་བ་དང་། རྩོམ་དེབ་གྲངས་ ༢༠ པར་སྐྲུན་གནང་བ། བྱིས་པ་རྣམས་ཀྱི་ཆེད་དུ་དཔེ་དབེ་བསྐྱར་དུ་པར་སྐྲུན་གནང་བ། དེ་བཞིན་གཞི་རིམ་འོག་མའི་སློབ་མའི་ཆེད་ཤེས་ཡོན་སློབ་ཚན་ཁག་བོད་ཡིག་ཐོག་བཟོས་ཡོད་པ་སོགས་ཚུད་པའི་ཐབས་ལམ་སྣ་མང་ལག་བསྟར་གནང་བཞིན་པ་དང་། ཁོང་གིས་སློབ་མ་རྣམས་ལ་གཞི་རིམ་འོག་མ་ནས་བཟུང་བོད་ཀྱི་སྐད་ཡིག་གནས་ཚད་དང་བརྡ་སྤྲོད་ཀྱི་ནུས་པ་སྲ་བརྟན་གཏོང་དགོས་པ་ནི་གལ་འགངས་ཆེན་པོ་ཡིན་པའི་སྐོར་ནན་བརྗོད་གནང་བ་མ་ཟད། སྤྱི་ཡོངས་ཀྱི་བོད་ཡིག་གི་གནས་ཚད་མཐོ་རུ་གཏོང་སླད་རྒྱུན་མཐུད་འབད་བརྩོན་གནང་དགོས་པའི་འབོད་སྐུལ་ཞུས་འདུག འདི་ག་རླུང་འཕྲིན་ཁང་གིས་ཤེས་ལྷན་འགན་འཛིན་དྲུང་འཕར་བསྟན་འཛིན་པདྨ་ལགས་སུ་ཚོགས་འདུ་དེའི་སྐོར་བཀའ་འདྲི་ཞུས་སྐབས་ཁོང་གིས། རྩ་བའི་སྒྲིག་གཞི་གོང་དོན་ཞི་བཟུང་ལོ་གཅིག་ནང་ཐེངས་གཅིག་ངེས་པར་དུ་བསྐོང་ཚོགས་ཞུ་དགོས་པ་བཞིན་ལོ་ལྟར་ཚོགས་འདུ་དེ་ལྟར་བསྐོང་ཚོགས་གནང་གི་ཡོད་སྐོར་གསལ་སྟོན་དང་སྦྲགས། ད་ཐེངས་ཀྱི་ལྷན་ཚོགས་དེའི་ཐོག་ཚོགས་གཙོ་དགེ་བཤེས་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་ཀྱང་ཐེངས་མ་དང་པོ་ལྷན་ཞུགས་གནང་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་དེའི་ཐོག་གྲོས་གཞི་བརྒྱད་ཡོད་པ་ནས་གྲོས་ཆོད་ཁྱོན་ ༤༡ གཏན་འབེབས་གནང་ཡོད་པ་འགྲེལ་བརྗོད་གནང་སོང་།
The post སློབ་མ་རྣམས་ལ་འཕྲོད་བསྟེན་གྱི་གོ་རྟོགས་དང་བཟང་སྤྱོད་ཀྱི་སློབ་གསོ་སྤྲོད་དགོས་གལ་ཡིན་པ་གསུངས་འདུག appeared first on vot.





