ཨ་ཉག་སེང་སྒྲ་ལགས་ལོ་བདུན་རྗེས་སུ་ཛ་དྲག་གནས་སྟངས་ཐོག་བཙོན་ཁང་ནས་གློད་གྲོལ་བཏང་བ།

2 months ago

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༢ ཚེས་ ༠༧ ཉིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ལྐོག་ཟ་རུལ་སུངས་ཐེར་འདོན་པ་ཨ་ཉགག་སེང་སྒྲ་ལགས་རྒྱ་ནག་གི་བཙོན་ཁང་ནང་ལོ་བདུན་ལྷག་གི་བཙོན་འཇུག་དུས་ཡུན་ཚང་རྗེས་མཐར་གློད་གྲོལ་བྱུང་ཡོད། ད་ལྟའི་ཆར་རང་ལོ་ ༥༥ ལོན་པའི་ཨ་ཉགག་སེང་སྒྲ་ལགས་བོད་ཨ་མདོའི་རྐྱང་ཆད་ཡུལ་མཚོའི་རང་ཁྱིམ་དུ་ཡོད།

བཙོན་འཇུག་རྐྱེན་པས་འཕྲོད་བསྟེན་ལ་གནོད་སྐྱོན་ཚབས་ཆེན།

ཨ་ཉགག་སེང་སྒྲ་ལགས་རྒྱ་ནག་གི་བཙོན་ཁང་དུ་གདུག་རྩུབ་ཚད་མེད་མྱངས་པའི་རྐྱེན་གྱིས་ཁོང་གི་མཁལ་མ་ལ་གནོད་སྐྱོན་དང་། མིག་གཤིས་སྐྱོ་བོ་ཆགས་པ། ཁྲང་ཤེད་ན་ཚ་བཅས་བྱུང་ཡོད་འདུག ཕྱི་ལོ་ ༢༠༡༨ ཟླ་བ་ ༠༩ ནང་ཁོང་བཙོན་འཇུག་བྱས་རྗེས་རྒྱ་གཞུང་གིས་གོ་རིམ་ལྡན་པའི་མནར་གཅོད་བྱས་པ་མ་ཟད། ཉིན་གྲངས་ ༤༨ རིང་ཁྲིམས་མཐུན་སློབ་སྟོན་གྱི་དབང་ཆ་སྤྲད་མེད་པ་རེད།

ཁོང་གི་ནང་མི་རྣམས་ལའང་ལོ་མང་རིང་ཐུག་འཕྲད་བྱེད་མི་བཅུག་ཏེ་མཐར་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༨ ནང་ཡུད་ཙམ་ཞིག་ཐུག་འཕྲད་བྱུང་སྐབས་ཁོང་གི་གནས་སྟངས་ཛ་དྲག་པོ་གྱུར་ཡོད་པ་ཤེས་རྟོགས་བྱུང་ཡོད། གནས་ཚུལ་ལྟར་ན་ཁོང་བཙོན་འཇུག་རིང་ཁྲག་ཤེད་མཐོ་བོ་ཆགས་ཡོད་པའི་གནད་དོན་དེར་རྒྱ་ནག་གཞུང་གིས་དགོས་ངེས་སྨན་བཅོས་སྤྲད་མེད།

མུ་མཐུད་དེ་དབང་སྣོན། གློད་གྲོལ་རྗེས་སུ་བཀག་སྡོམ་དང་དམ་དྲག

རྒྱ་ནག་གཞུང་གིས་ཨ་ཉགག་སེང་སྒྲ་ལགས་སུ་བྱས་པའི་གོ་རིམ་ལྡན་པའི་བྱ་སྤྱོད་ལོག་པ་དེ་གསང་ཉར་བྱེད་ཕྱིར་གློད་གྲོལ་བཏང་བའི་རྗེས་སུའང་ཁོང་གི་འགྲོ་འདུག་ལ་བཀག་སྡོམ་དང་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད། ཁོང་དང་ཁོང་གི་ནང་མི་འབྲེལ་ཡོད་རྣམས་ལའང་འདྲ་པར་ཁྱབ་སྤེལ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད། རྒྱ་ནག་གཞུང་གིས་སྡུག་སྦྱོང་མུ་མཐུད་ནས་བྱས་པ་དེས་རྒྱ་ནག་གིས་འགྲོ་བ་མིའི་གཞི་རྩའི་ཆེ་མཐོང་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལ་མཐོང་ཆུང་གཏོང་གི་ཡོད་པ་གསལ་གྱི་ཡོད།

གང་བྱུང་བཀག་ཉར་བསྣར་རྐྱོང་།

སྤྱིར་ཨ་ཉགག་སེང་སྒྲ་ལགས་ཕྱི་ལོ་ ༢༠༢༥ ཟླ་བ ༠༩ ཚེས་ ༠༣ ཉིན་ལོ་བདུན་གྱི་དུས་ཡུན་ཚང་གི་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཟླ་བ་ལྔ་ཕར་འགྱངས་བཏང་སྟེ་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༢ ཚེས་ ༠༧ ཉིན་ལས་གློད་བཀྲོལ་བྱས་མེད། གནས་ཚུལ་ལྟར་ན་བཙོན་འཇུག་བསྣར་རྐྱོང་དེ་ལ་བཙོན་ཁང་གི་སྒྲིག་ལམ་འགལ་བའི་ཉེས་འཛུགས་ཀྱི་མིང་བཏགས་པ་དང་། དེར་གཞུང་འབྲེལ་གསལ་བསྒྲགས་དང་ཕྱི་གསལ་ནང་གསལ་གྱི་ཁྲིམས་ཀྱི་འགྲོ་ལུགས་གང་ཡང་བྱས་མེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ (FIDH)  ཡིས་གང་བྱུང་བཀག་ཉར་བསྣར་རྐྱོང་བྱས་པ་འདི་ནི་རྒྱལ་སྤྱིའི་ཁྲིམས་ཞིབ་ཀྱི་ཚད་གཞི་ལ་བརྩི་མེད་གཏོང་བ་ཡིན་པ་ངོས་འཛིན་གནང་གི་ཡོད།

ཁོར་ཡུག་སྲུང་སྐྱོབ་དང་སྐོག་ཟ་འགོག་རྒོལ།

ཨ་ཉགག་སེང་སྒྲ་ལགས་ནི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་བོད་གོ་ལོག་ས་ཁུལ་གྱི་སྤྱི་ཚོགས་ཀྱི་དབུ་ཁྲིད་ཅིག་ལ་ངོས་འཛིན་ཞུ་ཡི་ཡོད། ཕྱི་ལོ་ ༢༠༡༤ ལོར་ཁོང་གིས་ས་གནས་འབྲོག་པ་དང་ལྷན་དུ་བོད་ནང་དུ་ཁྲིམས་མཐུན་མ་ཡིན་པའི་གཏེར་ཁ་སྔོག་འདོན་དང་། སྟོངས་ཉེའི་སྲོག་ཆགས་ལ་རྔོན་རྒོལ། དེ་བཞིན་ས་གནས་དཔོན་རིགས་ཀྱིས་མང་ཚོགས་ཀྱི་མ་དངུལ་ལ་གོ་རིམ་ལྡན་པའི་བར་ཟོས་བྱེད་པ་སོགས་ལ་ངོ་རྒོལ་ཆེད་དམངས་དོན་གླིང་ཞེས་པའི་དང་བླངས་ཚོགས་པ་ཞིག་དབུ་འཛུགས་གནང་ཡོད།

ཁོང་གི་ལས་འགུལ་ནི་དམིགས་བསལ་དབུལ་ཕོངས་སེལ་ཐབས་དང་འབྲོག་པ་རྣམས་ཀྱི་སྡོད་ཁང་སྣོན་གསབ་བཅས་ཀྱི་ཐོག་གཞུང་གི་འཛིན་སྐྱོང་བྱེད་ཉེས་ཐད་ལ་ཡིན། ཁོང་གིས་ཐེངས་ཞིག་ས་གནས་དཔོན་རིགས་ཀྱིས་སྡོད་ཁང་གསར་འཛུགས་ཆེད་དུ་ཡུ་ཡན་ས་ཡ་ ༡༨ དེ་གར་སོང་ཆ་མེད་གྱུར་པ་དེར་སྐྱོན་འཛུགས་བྱས་པས་ས་གནས་བོད་མི་རྣམས་ནས་རྒྱབ་སྐྱོར་ཐོབ་ཡོད།

ཨ་ཉགག་སེང་སྒྲ་ལགས་ཕྱི་ལོ་ ༢༠༡༨ ལོར་བཙོན་འཇུག་མ་བྱས་གོང་ས་གནས་བོད་མི་ ༢༠༠ ལྷག་གིས་ཁོང་གི་བར་ཟོས་དང་འབྲེལ་བའི་ལས་འགུལ་ལ་རྒྱབ་སྐྱོར་གནང་ཡོད། ལས་འགུལ་དེར་བརྟེན་ཕྱི་ལོ་ ༢༠༡༩ ཟླ་བ་ ༠༨ ནང་གཞུང་ལས་ཁང་གིས་གཙང་སྐོར་གཞོལ་མ་གྲོང་སྡེའི་ཚོགས་པའི་དྲུང་ཆེ་དང་། གྲོང་སྡེའི་འགོ་ཁྲིད། དགའ་སྡེ་རྫོང་ཁོངས་ཀྱི་འགན་འཛིན་བཅས་ལ་སྡོད་ཁང་གསར་རྒྱག་གི་མ་དངུལ་ལ་བར་ཟོས་བྱས་པའི་ནག་ཉེས་ཐོག་ཕྱིར་འབུད་བཏང་ཡོད།

བདེན་མིན་ཉེས་འཛུགས་དང་གཞི་རྩའི་ཁྲིམས་ཀྱི་ཐོབ་ཐང་བཀག་པ།

ཨ་ཉགག་སེང་སྒྲ་ལགས་ཐོག་མར་ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གཞུང་གིས་བདེན་མིན་ཉེས་འཛུགས་ཀྱིས་ལོ་གཅིག་དང་ཟླ་གསུམ་རིང་བཙོན་འཇུག་བྱས་ནས་ཕྱི་ལོ་ ༢༠༡༦ ཟླ་བ་ ༡༠ ཚེས་ ༡༨ ཉིན་གློད་བཀྲོལ་བཏང་ཡོད།

ལོ་གཉིས་ལས་ཉུང་བའི་རྗེས་སུ་ཕྱི་ལོ་ ༢༠༡༨ ཟླ་བ་ ༠༩ ཚེས་ ༠༤ ཉིན་རྒྱ་ནག་གཞུང་གིས་ཁོང་ལ་མི་མང་འདུ་འཛོམས་ཀྱིས་སྤྱི་ཚོགས་དཀྲུགས་པ་དང་། རྩོད་རྙོག་སླངས་པ་བཅས་ཀྱི་ནག་ཉེས་འོག་བསྐྱར་དུ་འཛིན་བཟུང་བྱས་ཡོད།

བཙོན་འཇུག་རིང་ཁོང་ལ་ཁྲིམས་ཀྱི་སློབ་སྟོན་བཀག་པ་མ་ཟད་སྡུག་སྦྱོང་ཚབས་ཆེན་གཏང་ཡོད། ཁོང་གི་བཙོན་འཇུག་གི་དུས་ཡུན་དེ་ལན་མང་ཕར་འགྱངས་བྱས་པ་དང་། ཕྱི་ལོ་ ༢༠༡༩ ཟླ་བ་ ༠༡ ནང་ཁོང་གི་ཁྲིམས་རྩོད་པས་གཏའ་དངུལ་གྱི་འབོད་སྐུལ་ཞུས་པར་རྒྱ་ནག་གཞུང་གིས་ངོས་ལེན་བྱས་མེད། དེ་མ་ཟད་ས་གནས་དབང་འཛིན་པས་ཨ་ཉགག་སེང་སྒྲ་ལགས་ཀྱི་ཁྲིམས་རྩོད་པ་ལིན་ཆི་ལེར་ལ་གནོན་ཤུགས་སྤྲད་ཀྱང་ལིན་ཆི་ལེར་གྱིས་ཁྲིམས་འགལ་གྱི་བྱ་སྤྱོད་དེར་ངོ་རྒོལ་བྱས།

ཕྱི་ལོ་ ༢༠༡༩ ཟླ་བ་ ༡༢ ཚེས་ ༠༦ ཉིན་དགའ་སྡེ་རྫོང་གི་ཁྲིམས་ཁང་གིས་ཨ་ཉགག་སེང་སྒྲ་ལགས་ལ་ལོ་བདུན་རིང་གི་ཁྲིམས་ཆད་བཅད་ཅིང་། རྒྱལ་སྤྱིའི་ཟུར་ཉན་པ་རྣམས་ཀྱིས་དེར་སླུ་བྲིད་ཀྱི་ཁྲིམས་ཆད་ཅིག་ལ་ངོས་འཛིན་གནང་གི་ཡོད། ཁོང་གི་ཁྲིམས་རྩོད་པས་ཉེས་འཛུགས་དེ་དག་གཞི་མེད་དང་། བོད་མི་རྣམས་ཀྱི་ཆབ་སྲིད་དང་རིག་གཞུང་གི་སྨྲ་བརྗོད་ལ་བཙན་གནོན་ཞིག་ཡིན་ཞེས་བརྗོད་ཡོད།

སྐབས་དེར་ཨ་ཉགག་སེང་སྒྲ་ལགས་དང་ལྷན་དུ་བོད་མི་འབྲོག་པ་དགུར་ཁྲིམས་ཆད་བཅད་ཡོད། ཁོང་རྣམས་ཀྱིས་ས་གནས་གཞུང་གི་དཔོན་རིགས་རྣམས་ཀྱིས་ལྐོག་ཟ་རུལ་སུངས་བྱས་པ་ལ་ངོ་རྒོལ་བྱས་པར་བརྟེན་ཁྲིམས་མཐུན་མ་ཡིན་པའི་བཙོན་འཇུག་བྱས་ཡོད།

རྒྱ་ནག་གིས་གོ་རིམ་ལྡན་པའི་ཐོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཁྲི་ལ་རྡོག་རོལ་གཏོང་བཞིན་པ། 

ཨ་ཉག་སེང་སྒྲ་ལགས་ཀྱི་གནད་དོན་དེའི་བརྒྱུད་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་ཆེད་མངགས་ཀྱིས་གོ་རིམ་ལྡན་པའི་ཐོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཁྲི་ལ་རྡོག་རོལ་གཏོང་བཞིན་པའི་དཔེ་མཚོན་གསལ་པོ་ཞིག་ཡིན་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་ཚབས་ཆེ་བའི་རྡོག་རོལ་གཏོང་བཞིན་པ་ནི་རྒྱ་ནག་གཞུང་གི་ཐད་ཀར་ཁྲིམས་མཐུན་སྟངས་འཛིན་འོག་ཡོད།

ཞི་བའི་ངོ་རྒོལ་དང་ཁྲིམས་མཐུན་ཐོག་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བར་ཉེས་འཛུགས་ཀྱིས་གཞི་རྩའི་ཐོབ་ཐང་དང་རང་དབང་བཙན་འཕྲོག་བྱས་པ། འཆར་གཞི་ལྡན་པའི་ཐོག་རྡུག་རྡེག་དང་དགོས་ངེས་ཀྱི་སྨན་བཅོས་མཁོ་སྤྲོད་མ་བྱས་པའི་བརྒྱུད་མནར་གཅོད་དང་གདུག་རྩུབ། མི་སྤྱོད་ལས་འདས་པའི་བྱ་སྤྱོད་སྤེལ་བ། ཁྲིམས་རྩོད་པ་དང་ཐུག་འཕྲད་བྱེད་པར་བཀག་འགོག་དང་། དྲང་བདེན་ཁྲིམས་བཤེར་གྱི་ཚད་གཞི་ལས་འགལ་བའི་ཁྲིམས་བཤེར་རྫུན་མ་བྱས་པ་བརྒྱུད་ཁྲིམས་མཐུན་གྱི་ཐོབ་ཐང་བཀག་སྡོམ་བྱས་པ། དོ་བདག་བཙན་བཟུང་བྱས་པའི་གནས་ཚུལ་ནང་མིར་མ་བརྗོད་པ་མ་ཟད། དུས་ཡུན་རིང་པོའི་རིང་ནང་མི་དང་འབྲེལ་བ་བྱེད་དུ་མ་བཅུག་པའི་བརྒྱུད་བཙན་དབང་གིས་གར་སོང་ཆ་མེད་དུ་བཟོ་བ། ཁྲིམས་ལུགས་གཞི་བཟུང་མ་ཡིན་པར་བཙན་དབང་གིས་བཙན་བཟུང་བྱས་པའི་བཙོན་པ་རྣམས་ཀྱི་དུས་ཡུན་ཕྱིར་འགྱངས་བྱས་པ། བཙོན་པ་རྣམས་གློད་གྲོལ་བཏང་རྗེས་རྒྱུན་མཐུད་ལྟ་སྲུང་དམ་དྲག་དང་། འགྲིམ་འགྲུལ་ལ་དམ་བསྒྲགས། དེ་བཞིན་ཞིབ་བཤེར་སོགས་ཀྱི་དྲག་གནོན་སྤྱོད་བཞིན་པ། 

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་འགྲོ་བ་མིའི་ཐོབ་ཐང་ཚན་པ་ནས་ཡིན་པའི་བསྟན་འཛིན་ཀུན་མཁྱེན་ལགས་ཀྱིས་གནད་དོན་འདི་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་རྣམས་མཐུན་སྒྲིལ་གྱི་འཚོ་བ་སྐྱེལ་བཞིན་ཡོད་པའི་དྲིལ་བསྒྲགས་བྱེད་བཞིན་ཡོད་ཀྱང་། དོན་དངོས་སུ་བོད་མི་རྣམས་མུ་མཐུད་དཀའ་སྡུག་ཚད་མེད་མྱོང་བཞིན་པས་དེ་དག་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེ་གཏོང་བཞིན་ཡོད་པའི་དྲན་སྐུལ་གསལ་པོ་ཞིག་ཡིན། རྒྱ་ནག་གཞུང་གིས་ཁྲིམས་བདེ་སྤྱོད་བྱེད་དེ་བོད་པའི་འཐབ་རྩོད་པ་རྣམས་ལ་ཉེས་མེད་ཉེས་འཛུགས་བྱས་བཞིན་ཡོད་པ་གསུངས། 

རྒྱུན་མཐུད་རྒྱལ་སྤྱིའི་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད།

ཨ་ཉག་སེང་སྒྲ་ལགས་དྲང་བདེན་མིན་པའི་བཙོན་འཇུག་འོག་བཞུགས་རིང་། ཁོང་གི་གནད་དོན་ལ་རྒྱལ་སྤྱིའི་ཐོག་དོ་སྣང་ཆེན་པོ་བྱུང་ཡོད་པ་དེས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དམ་བཅའ་དང་འབད་བརྩོན་མཚོན་བཞིན་ཡོད།

ཕྱི་ལོ་ ༢༠༢༣ ཟླ་བ་ ༨ མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གསུམ་ནས་རྒྱ་ནག་གཞུང་ལ་ཨ་ཉག་སེང་སྒྲ་ལགས་ཀྱི་འཕྲོད་བསྟེན་དང་འཛིན་བཟུང་གི་གནས་སྟངས་ཐོག་གནས་ཚུལ་ཁ་གསལ་མཁོ་སྤྲོད་བྱེད་དགོས་པའི་ནན་སྐུལ་དང་། གནས་ཚུལ་རྣམས་ཁ་གསལ་མཁོ་སྤྲོད་མ་བྱེད་པ་ནི་ཆེད་མངགས་ཁོང་གི་གནས་སྟངས་སྐོར་རྒྱལ་སྤྱིའི་ཐོག་སྦད་གསང་བྱེད་ཀྱི་ཡོད་པ་ནན་བཤད་གནང་ཡོད། ཕྱི་ལོ་ ༢༠༢༠ ཟླ་བ་ ༥ ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་དང་རྒྱལ་ཚོགས་ཀྱི་བཙན་དབང་གི་འཛིན་བཟུང་བཀག་ཉར་བྱས་པའི་ཐོབ་ཐང་སྲུང་སྐྱོབ་ཚན་པ་ནས་རྒྱ་ནག་གཞུག་གིས་ཨ་ཉག་སེང་སྒྲ་ལགས་ཀྱི་ཁྲིམས་མཐུན་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ཁག་ལ་ནག་ཉེས་སུ་བརྩི་བཞིན་པར་བློ་འཚབ་ཆེན་པོ་བཏོན་པ་དང་ཆབས་ཅིག རྒྱ་ནག་གཞུང་ལ་ཁོང་གི་ཉེས་འཛུགས་ཡོངས་རྫོགས་འཕྲལ་དུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། ཨ་རིའི་གཞུང་གི་ཕྱི་ལོ་ ༢༠༢༣ ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་ཨ་ཉག་སེང་སྒྲ་ལགས་ཀྱི་གནད་དོན་འཁོད་ཡོད་པ་དང་། དེའི་ནང་ཁོང་ལ་ཁྲིམས་རྩོད་པའི་ཐོབ་ཐང་མ་སྤྲོད་པར་ཉིན་གྲངས་ ༤༨ རིང་འབྲེལ་ལམ་རྩ་གཅད་ཐོག་བཀག་ཉར་བྱས་པ་དང་། དེ་རྗེས་ཟླ་བ་ ༡༤ རིང་བཙོན་འཇུག་བྱས་ཡོད་སྐོར་འཁོད་ཡོད། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༠ ལོའི་ལོ་འཁོར་སྙན་ཐོའི་ནང་། རྒྱལ་སྤྱིའི་ཐོག་དམིགས་བསལ་དོ་སྣང་བྱེད་དགོས་པའི་བོད་མི་ཆབ་སྲིད་བཙོན་པ་གཉིས་ཀྱི་ནང་ནས་གཅིག་ཁོང་ཡིན་པར་བཀོད་ཡོད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མཐུན་ཚོགས་( The International Federation for Human Rights) ཞེས་པས་ཕྱི་ལོ་ ༢༠༢༥ ཟླ་བ་ ༡༠ ནང་གྲོས་ཚོགས་ཐེངས་ ༤༢ དེ་བཞིན་ཚོགས་སྐབས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ཨ་ན་སེང་སྒྲ་ལགས་འཕྲལ་དུ་གློད་གྲོལ་དགོས་པའི་གྲོད་ཆོད་ཞིག་གཏན་འབེབས་གནང་ཡོད།  ཕྱི་ལོ་ ༢༠༢༥ ཟླ་བ་ ༡༢ ནང་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་སྐབས་ཡུ་རོབ་མཐུན་ཚོགས་ནས་ཆ་རྐྱེན་གང་ཡང་མེད་པའི་ཐོག་འཕྲལ་དུ་གློད་གྲོལ་དགོས་པའི་བསྒྲགས་གཏམ་སྤེལ་གནང་ཡོད། ཕྱི་ལོ་ ༢༠༢༥ ལོར་ཁོང་གི་བཙོན་འཇུག་དུས་ཡུན་ཕྱིར་འགྱངས་བྱས་རྗེས། བོད་དོན་ལས་འགུལ་ཚོགས་པ་ ༡༤༠ ལྷག་གིས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བ་དང་། རྒྱལ་སྤྱི་དང་བོད་པའི་ཚོགས་པ་གྲགས་ཅན་ཁག་གིས་ཁོང་གློད་གྲོལ་དགོས་པའི་རེ་འདུན་རྒྱུན་མཐུད་བཏོན་པ་མ་ཟད། ཁོང་གི་གནད་དོན་འདི་ནི་རྒྱ་ནག་གིས་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་པ་དང་ལྐོག་ཟ་རུལ་སུངས་རྒོལ་བའི་ལས་འགུལ་བ་རྣམས་གོ་རིམ་ལྡན་པའི་ཐོག་དྲག་གནོན་བྱེད་བཞིན་པ་མཚོན་གྱི་ཡོད།

འབོད་སྐུལ།

རྒྱ་ནག་གཞུང་གིས་ཨ་ཉགག་སེང་སྒྲ་ལགས་ལ་བཀལ་བའི་བཀག་སྡོམ་དེ་དག་འཕྲལ་དུ་མེད་པ་བཟོ་དགོས་པ་དང་། ཁོང་ལ་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་དགོས་པ། ཁོང་དང་ཁོང་གི་ནང་མི་ལ་དམ་དྲག་དང་བསུན་གཙེར་བྱེད་མཚམས་འཇོག་དགོས་པ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་། ལྐོག་ཟ་འགོག་རྒོལ་ལས་འགུལ་བ། དེ་བཞིན་དྲང་བདེན་དང་ཕྱི་གསལ་ནང་གསལ། འགན་འཁུར་བཅས་ཀྱི་འཐབ་རྩོད་པའི་ཐོག་གོ་རིམ་ལྡན་པའི་སྡུག་སྦྱོང་འཚམས་འཇོག་དགོས་ཀྱི་ཡོད།

ཨ་ཉགག་སེང་སྒྲ་ལགས་དང་བོད་མི་འཐབ་རྩོད་པའི་བློ་སྟོབས་དང་སོར་ཆུད་ཀྱི་ནུས་པ་དེ་དག་གིས་འཛམ་གླིང་གི་མི་མང་ལ་སེམས་ཤུགས་སྤྲོད་ཀྱི་ཡོད། ཁོང་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག་སྲུང་སྐྱོབ། དྲང་བདེན་གྱི་གཞུང་བཅས་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་དང་ཞུ་གཏུག་ཤུགས་ཆེ་དགོས་ཀྱི་ཡོད།

Original Article