His Holiness the Dalai Lama Lays Foundation for New Leh Chowkhang Temple
དེ་རིང་ཕྱི་ལོ་ ༢༠༢༥ ཟླ་བ་ ༨ ཚེས་ ༣ ཉིན་གྱི་ཞོགས་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་གླེ་ཇོ་བོའི་གཙུག་ལག་ཁང་བསྐྱར་བཞེངས་ཀྱི་རྨང་འཇོག་དབུ་འབྱེད་བསྐྱངས་གནང་མཛད་གནང་སོང་ཞིང་། ཇོ་ཁང་བསྐྱར་བཞེངས་ཐད་འབྲེལ་ཡོད་ལ་བཅར་འདྲི་ཞུས་པར་གཙོ་བོ་ཇོ་ཁང་ལ་ཆུ་སྐྱོན་མི་འབྱུང་བ་དང་། རྒྱ་ཁྱོན་གྱི་ཆ་ནས་དེ་སྔ་ལ་བརྒྱ་ཆ་དྲུག་ཅུ་ཡི་ཆེ་བ་རྒྱ་བསྐྱེད་གནང་རྩིས་ཡོད་པ། དེ་བཞིན་བསྐྱར་བཞེངས་དེ་ཡང་རིང་མིན་ལོ་ལྔའི་ནང་འགྲུབ་འཆར་ཡིན་པ་གསུངས་གནང་སོང་། དེ་བཞིན་མགོན་པོ་མཆོག་ནས་རྨང་འཇོག་དབུ་འབྱེད་གྲུབ་མཚམས་གནས་སྐབས་ཇོ་ཁང་གི་རྟེན་གཙོ་ཁག་བཞུགས་གནས་དྷར་མ་སན་ཀྲར་དུ་གནས་གཟིགས་དང་སྦྲགས་མགོན་པོ་མཆོག་ནས་གྲྭ་བཙུན་རྣམ་པས་གཞུང་ཆེན་ཁག་ལ་བསླབ་པ་སློབ་གཉེར་གནང་དགོས་པ་གལ་ཆེན་པོ་ཡིན་པ་མ་ཟད། སྐྱ་བོ་ཚོས་ཀྱང་ནང་པའི་གཞུང་ནས་གསུངས་པའི་སེམས་ཁམས་རིག་པའི་སྐོར་དང་ཚད་མའི་གཞུང་ལ་དོ་སྣང་བྱད་དགོས་པ་སོགས་ཀྱི་བཀའ་སློབ་སྩལ་གནང་མཛད་སོང་། །





