Teacher publishes book in memory of student who self-immolated for Tibet
རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་རྗེས་དྲན་གྱི་སྙན་དེབ་དབུ་འབྱེད།
དེ་རིང་གི་ཉིན་མོ་འདི་ནི་ད་ནས་བརྩིས་པའི་ལོ་ངོ་ ༡༤ གོང་གི་ཕྱི་ཟླ་ ༣ ཚེས་ ༢༦ ཉིན། དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡོང་བར་ངོ་རྒོལ་སྐད་འབོད་དང་བསྟུན། བོད་རྒྱལ་ཁབ་ཀྱི་རང་དབང་དང་བོད་མི་རིགས་ཀྱི་བདེ་སྡུག་ཆེད་རང་ལུས་མེར་བསྲེགས་གནང་སྟེ། རྒྱ་ནག་གི་བཙན་གནོན་དབང་སྒྱུར་ལ་ངོ་རྒོལ་བྱས་པའི་རྗེས་དྲན་ཉིན་མོ་ཡིན།
ཉིན་མོ་འདི་དང་བསྟུན་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་དཔར་སྐྲུན་འོག དཔའ་བོ་ཁོང་དང་ཁོང་ལྟ་བུའི་རང་ལུས་མེར་བསྲེགས་གཏོང་མཁན་གྱི་དཔའ་བོ་དཔའ་མོ་ཡོངས་ཀྱི་རླབས་ཆེན་གྱི་བློས་གཏོང་ལ་རྗེས་དྲན་དང་བཀའ་དྲིན་མཚོན་ཆེད་ 《བསྐལ་པའི་མེ་འཕྲིན་དམར་པོ་》 ཞེས་པའི་སྙན་དེབ་ཅིག་དབུ་འབྱེད་གནང་སོང་།
སྙན་དེབ་འདི་ནི་ནོར་གླིང་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་ཟུར་པ་ལྷ་མོ་དོན་གྲུབ་ལགས་ཀྱིས་ལོ་ངོ་ ༡༤ ལྷག་གི་རིང་། བོད་མི་རིགས་ཀྱི་ཉེ་བའི་ཆབ་སྲིད་དང་འཐབ་རྩོད་ཀྱི་ལོ་རྒྱུས་ནང་རང་ལུས་མེར་བསྲེགས་གནང་བའི་ལོ་རྒྱུས་མཚོན་ཆེད་བརྩམས་པ་ཞིག་ཡིན། སྙན་དེབ་འདིའི་ནང་རབ་བྱེད་ཁྱོན་ལྔ་ཡོད་པ་དང་། དེའི་ནང་གཙོ་བོ་བྱ་ཁུ་བྱུག་ཅིག་ལ་བརྟེན་ནས་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱིས་ཨ་མར་འཕྲིན་ཡིག་བསྐུར་བའི་ཚུལ་གྱིས། འདི་ནི་རང་ཉིད་གཅིག་པུའི་ཆེད་དུ་མིན་པར་རྒྱལ་ཁབ་དང་མི་རིགས་ཀྱི་གནད་དོན་ཡིན་པ་མཚོན་པར་བྱས་ཡོད། དེ་བཞིན་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་དང་། བྱ་ཁུ་བྱུག་གིས་ལོ་རྒྱུས་དང་འབྲེལ་བའི་རྒྱ་གར་དང་བལ་ཡུལ་གྱི་ས་ཆ་ཁག་བརྒྱུད་དེ་བོད་ཁམས་རྟའུ་རུ་ཨ་མ་རྒྱ་མཚོ་དང་མཇལ་འཕྲད་བྱས་པ་དང་། ཨ་མས་བུ་དྲན་པའི་སྐྱོ་གདུང་། བོད་གཞིས་བྱེས་གཉིས་ཀྱི་སྡུག་བསྔལ་གླེང་བའི་སྐབས་སུ། ཨ་མའི་སེམས་ལ་དགྲ་བོ་རྣམས་ལའང་སྙིང་རྗེ་སྐྱེས་པ་དང་། མ་འོངས་པར་བོད་ལ་སྐྱིད་པའི་ཉི་མ་ཤར་བའི་རེ་བ་སོགས་ཀྱི་གནད་དོན་མང་པོ་ཞིག་སྒྱུ་རྩལ་ལྡན་པའི་ཚིག་བཅད་སྙན་ངག་གི་ལམ་ནས་བཀོད་འདུག སྙན་དེབ་དེ་ཉིད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ལེན་རྒྱུ་འདུག །





