Why Are They Wearing Black Hats? TYC Protests China’s Forced Assimilation Laws

1 month ago

རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཡིག་གསར་བཟོ་བྱས་པར་ངོ་རྒོལ་ཆེད། ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་དེ་རིང་ཕྱི་ཟླ་ ༣ ཚེས་ ༣༡ ཉིན། ཉེ་ཆར་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཡིག་ཟེར་བ་གསར་བཟོ་བྱས་པར་ངོ་རྒོལ་ཆེད། ཞྭ་མོ་ནག་པོའི་གོམ་བགྲོད་ ཅེས་པའི་བཞུགས་སྒར་རྡ་རམས་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་གྱི་གོམ་བགྲོད་ལས་འགུལ་གྱི་དབུ་འབྱེད་མཛད་སྒོ་ཞིག་ལྷ་རྒྱལ་རིར་ཚོགས་སོང་། ཐེངས་འདིའི་ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ནང་བོད་མི་གནས་སྡོད་ས་ཁུལ་ཁག་ ༢༠ ནས་མཉམ་ཞུགས་གནང་མཁན་ ༦༠ ལྷག་ཡོད་པ་དང་། ལས་འགུལ་གྱི་དགོས་དོན་གཙོ་བོ་དེ་ཡང་། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཡིག་ཟེར་བ་ནི་ཚད་ལས་བརྒལ་བའི་མི་རིགས་བཙན་སྒྱུར་གྱི་སྲིད་བྱུས་ཤིག་ཡིན་པས་དེ་ཉིད་མཚམས་འཇོག་དགོས་པ། བོད་ཀྱི་ཆབ་སྲིད་བཙོན་པ་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ། རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་སྦག་བཙོག་དང་གཏོར་བརླག་གཏོང་བཞིན་པ་མཚམས་འཇོག་དགོས་པ། རྒྱ་གར་དབུས་སའི་གཞུང་ནས་ད་བར་བོད་དང་བོད་མིར་མཐུན་འགྱུར་རྒྱབ་སྐྱོར་གཡོ་བ་མེད་པ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས་ཡིན་འདུག གཞི་རྩའི་ཞྭ་མོ་ནག་པོའི་གོམ་བགྲོད་འདི་བཞིན་དེ་རིང་རྡ་རམས་ས་ལ་ནས་ཐོན་ཏེ། ས་རྰ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དང་། གྷོ་པ་པུར་སློབ་གྲྭ། བཀྲིས་ལྗོངས། དེ་བཞིན་སྦིར་བོད་མིའི་གཞིས་ཆགས་སོགས་ཀྱི་ས་ཁུལ་ཁག་བརྒྱུད་དེ་ཟླ་བ་གཅིག་ཙམ་གྱི་རིང་གོམ་བགྲོད་གནང་རྒྱུ་དང་། མཐར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་མཇུག་བསྒྲིལ་གནང་རྒྱུ་རེད་འདུག མ་ཟད་ལམ་བར་དུ་རྒྱ་གར་གྱི་ས་ཚིགས་ཆེ་ཁག་ནང་གསར་འགོད་གསལ་བསྒྲགས་དང་ལས་འགུལ་དང་འབྲེལ་བའི་ཡིག་རིགས་འགྲེམས་སྤེལ་གནང་རྒྱུ་རེད་འདུག །
Watch on YouTube