[དྷ་རམ་སར།] ཕྱི་ལོ་༢༠༢༦ ཟླ་༤ ཚེས་༣༠ ཉིན། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ (Reporters Without Borders / RSF) ཀྱིས་གསར་འགོད་རང་དབང་ཉིན་མོ་སླེབས་ལ་ཉེ་བ་དང་བསྟུན། ཕྱི་ལོ་༢༠༢༦ ལོའི་འཛམ་གླིང་གསར་འགོད་རང་དབང་གི་སྙན་ཐོ་ཞིག་བཏོན་འདུག
སྙན་ཐོ་དེའི་ནང་། ལོ་རྒྱུས་ནང་ཐོག་མར། འཛམ་གླིང་གི་རྒྱལ་ཁབ་ཕྱེད་ཀ་ལས་བརྒལ་བའི་ནང་གསར་འགོད་རང་དབང་གི་གནས་བབས་དེ་“དཀའ་ངལ་ཅན་”དང་“ཧ་ཅང་ཚབས་ཆེན་” གྱི་དབྱེ་ཁོངས་སུ་ཚུད་ཡོད་པ་དང་། འདས་པའི་ལོ་ངོ་༢༥ རིང་གི་བརྟག་དཔྱད་བྱས་པའི་ནང་། རྒྱལ་ཁབ་དང་ས་ཁུལ་༡༨༠ ཡི་གསར་འགོད་རང་དབང་གི་ཆ་སྙོམས་གནས་སྟངས་དེ་ད་ལོ་ལྟ་བུའི་དམའ་པོ་བྱུང་མྱོང་མེད་པ་གསལ་འདུག རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་རྩོམ་སྒྲིག་འགན་འཛིན་ཨན་ནེ་བྷོ་ཀན་ཌེ་ (Anne Bocandé) ཡིས། དབང་ཆ་གཅིག་སྡུད་པའི་རྒྱལ་ཁབ་དང་། འགན་འཁྲི་མི་ཁུར་བའི་ཆབ་སྲིད་པ། དཔལ་འབྱོར་གྱི་བདག་པོ་ཧམ་པ་ཅན། དོ་དམ་མེད་པའི་དྲ་ལམ་ཁག་གིས་གསང་བ་དང་སྦས་སྐུང་མེད་པར་མངོན་གསལ་དོད་པོས་གསར་འགོད་པར་དྲག་གནོན་བྱེད་བཞིན་ཡོད་པ་དང་། འདས་པའི་ལོ་ངོ་༢༥ ཡི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ན། ད་ལྟའི་ཆར་འཛམ་གླིང་ཡོངས་སུ་གསར་འགོད་རང་དབང་ལ་བརྡབ་གསིག་དང་། བཀག་འགོག དེ་བཞིན་གསར་འགོད་པའི་ལས་ཀར་འགལ་རྐྱེན་བཟོ་བའི་གནས་སྟངས་དེ་ཧ་ཅང་གི་ཛ་དྲག་ཏུ་གྱུར་ཡོད་པར་བརྟེན། འདི་ལ་མུ་མཐུད་ནས་བཟོད་བསྲན་བྱེད་ཐབས་མེད་ཅེས་བརྗོད་འདུགཕྱི་ལོ་༢༠༢༦ ལོའི་སྙན་ཐོའི་ནང་། ནོར་ཝེ་ (Norway) ནི་ལོ་ངོ་༡༠ བསྟུད་མར་གསར་འགོད་རང་དབང་ཆེ་ཤོས་ཡོད་མཁན་གྱི་རྒྱལ་ཁབ་ཨང་དང་པོར་གནས་པ་དང་། ཨེ་རི་ཏྲེ་ཡ་ (Eritrea) ནི་ལོ་ངོ་༣ བསྟུད་མར་མཐའ་མར་ལྷུང་བ་ཡོད་པ་དང་། ད་ལོ་ཨ་རིའི་གསར་འགོད་རང་དབང་གི་གནས་སྟངས་ནི་སྔར་དང་བསྡུར་ན་ཨང་རིམ་བདུན་གྱིས་མར་ལྷུང་ཡོད་པ་བརྗོད་འདུགདྲག་པོའི་ཟིང་འཁྲུག་གི་རྐྱེན་གྱིས། ཨི་རག་དང་། སུ་ཌན། ཡེ་མེན་སོགས་ཀྱི་གསར་འགོད་རང་དབང་ཉམས་ཆག་ཏུ་ཕྱིན་ཡོད་པ་དང་། ལྷག་པར་དུ་པ་ལི་སི་ཐན་ནང་། ཕྱི་ལོ་༢༠༢༣ ཟླ་༡༠ པ་ནས་བཟུང་། ཨི་སི་རེལ་དམག་དཔུང་གིས་གྷ་རྫའི་ནང་གསར་འགོད་པ་༢༢༠ ལྷག་བསད་ཡོད་པ་དང་། དེའི་ནང་གི་༧༠ ནི་ལས་ཀ་བྱེད་བཞིན་པའི་སྐབས་སུ་བསད་ཡོད་པ་བརྗོད་འདུགགཞན་ཡང་། དབང་ཆ་གཅིག་བསྡུས་ཀྱི་ལམ་ལུགས་འོག་གནས་པའི་རྒྱ་ནག་དང་། བྱང་ཀོ་རི་ཡ། ཨེ་རི་ཏྲེ་ཡ་བཅས་ཀྱི་གནས་སྟངས་ལ་འགྱུར་བ་གང་ཡང་ཕྱིན་མེད་མ་ཟད། ར་ཤི་ཡིས་ཡུག་རེན་ལ་དམག་རྒྱག་བཞིན་པ་དང་འབྲེལ་ནས་གསར་འགོད་རང་དབང་གི་གནས་བབས་སྡུག་ཤོས་ཀྱི་གྲས་སུ་གནས་ཡོད་པ་བརྗོད་འདུགར་ཤི་ཡའི་ནང་ཕྱི་ལོ་༢༠༢༦ ཟླ་༤ པའི་བར་གསར་འགོད་པ་༤༨ བཙོན་འཇུག་བྱས་ཡོད་པ་དང་། བྷེ་ལ་རུ་སི་དང་། འབར་མ། ནི་ཀ་ར་གྷུ་ཝ། ཨི་ཇིབ་བཅས་ཀྱིས་ཀྱང་རྒྱལ་ཁབ་བདེ་འཇགས་ཀྱི་མིང་ཐོག་ནས་གསར་འགོད་པར་དྲག་གནོན་བྱེད་ཀྱི་ཡོད་པ། ཧོང་ཀོང་ནང་གསར་འགོད་པ་དང་དཔེ་སྐྲུན་པ་ཇི་མི་ལེ་(Jimmy Lai)ལ་ལོ་ངོ་༢༠ བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་ནི་དྲག་པོའི་ཁྲིམས་ལུགས་ལོག་སྤྱོད་བྱས་པའི་དཔེ་མཚོན་ཞིག་ཆགས་ཡོད་པ་དང་། ཏུར་ཀི་(Turkey) ནང་སྲིད་འཛིན་ཨེར་ཌོ་གྷན་གྱིས་ “གནས་ཚུལ་རྫུན་མ”དང་ “སྲིད་འཛིན་ལ་དམའ་འབེབས་” སོགས་ཀྱི་ནག་ཉེས་འོག་གསར་འགོད་པ་མང་པོ་བཙོན་འཇུག་བྱེད་བཞིན་ཡོད་པ་བརྗོད་འདུག།ཨ་རིའི་ནང་སྲིད་འཛིན་ཊོམ་གྱིས་གསར་འགོད་པ་དང་གསར་འགྱུར་བརྒྱུད་ལམ་ཁག་ལ་རྒོལ་རྡུང་བྱེད་པའི་སྲིད་ཇུས་ཀྱི་རྐྱེན་པས། ཨ་རིའི་ནང་གསར་འགོད་རང་དབང་གི་གནས་སྟངས་ཉམས་ཆགས་སུ་ཕྱིན་ཡོད་པ་དང་། ཨ་རིའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ལས་ཁུངས་ (USAGM) ཀྱི་ལས་བྱེད་གྲངས་ཚད་བཅག་པ་དེས། ཨ་རིའི་རླུང་འཕྲིན་ཁང་(VOA) དང་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ (RFA) སོགས་འཛམ་གླིང་ཡོངས་ཀྱི་རང་དབང་གི་གསར་འགྱུར་ཁག་ལ་བརྡབ་གསིག་ཆེན་པོ་བཟོས་ཡོད་པ་བརྗོད་འདུགརྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས། གསར་འགོད་རང་དབང་ཉམས་ཆག་ཏུ་འགྲོ་བ་འདི་ནི་བཟློག་ཐབས་མེད་པ་ཞིག་མ་ཡིན་པར། མང་གཙོའི་རྒྱལ་ཁབ་ཁག་དང་སྤྱི་མང་གིས་མཉམ་རུབ་ཐོག་གསར་འགོད་པར་སྲུང་སྐྱོབ་དང་བདེན་པའི་དཔང་པོ་བྱེད་མཁན་ཚོར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།




