༧གོང་ས་མཆོག་ལ་དགེ་བཤེས་ལྷ་རམས་པའི་གཟེངས་རྟགས་འབུལ་བཞེས་མཛད་པ།
༧གོང་ས་མཆོག་ལ་དགེ་བཤེས་ལྷ་རམས་པའི་གཟེངས་རྟགས་འབུལ་བཞེས་མཛད་པ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་མགོན་པོ་མཆོག་ནས་དེ་རིང་བོད་ཟླ་ ༡༠ ཚེས་ ༢༥ དང་། ཕྱི་ཟླ་ ༡༢ ཚེས་ ༡༤ དགའ་ལྡན་ལྔ་མཆོད་ཆེན་མོའི་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་བ་དང་། སྐབས་དེར་དགེ་ལྡན་ལུགས་བཟང་གཙུག་ལག་ཁང་ཆེན་མོས་འདི་ལོར་མགོན་པོ་གང་ཉིད་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་གོ་སྟོན་གྱི་དུས་ཆེན་སྲུང་བརྩི་དང་སྟབས་བསྟུན་ནས༸གོང་ས་༸སྐྱབསམ་གོན་ཆེན་པོ་མཆོག་ལ་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་འབུལ་ཞུས་ནས་ལོ་ངོ་ ༥༡ འཁོར་བ་དང་། རི་བོ་དགེ་ལྡན་པའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་དབུ་འཛུགས་ཞུས་ནས་་ལོ་ངོ་ ༥༠ འཁོར་བའི་དུས་དྲན་རྣམས་སྲུང་བརྩི་དང་འབྲེལ་ནས་མགོན་པོ་མཆོག་ལ་རིན་ཆེན་གསེར་དངུལ་ལས་གྲུབ་པའི་དཀའ་དྲིན་རྗེས་དྲན་གྱི་དགེ་བཤེས་ལྷ་རམས་པའི་གཟེངས་རྟགས་འབུལ་བཞེས་མཛད་སོང་།
གཞི་རྩའི་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་མོ་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན། ཕྱི་ལོ་ ༡༩༦༩ ལོར་བཞུགས་སྒར་རྡ་རམ་ས་ལར་སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་དབུ་བཞུགས་ཐོག་དགེ་ལྡན་ལུགས་བཟང་རིག་གཞུང་གཅེས་སྐྱོང་ཚོགས་པའི་ཚོགས་ཆེན་ཐེངས་དང་པོ་བསྐོང་ཚོགས་གནང་སྟེ། སློབ་གཉེར་བྱེད་པའི་རིམ་པ་དེ་ཉིད་དེང་དུས་དང་མཐུན་པར་རྒྱུགས་སྤྲོད་ཀྱི་ལམ་ནས་དགེ་བཤེས་ལྷ་རམས་པའི་མཚན་གནས་འབུལ་རྒྱུར་ཐག་གཅོད་བྱུང་སྟེ། དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་དོ་དམ་ལས་ཁུངས་ཀྱི་མཚན་བྱང་ལ་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་ཆེན་མོ་ཞེས་མཚན་གསོལ་དང་བཅས་གསར་འཛུགས་གནང་བ་ཞིག་དང་། དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་ཐོག་མར་དེ་ཡང་ཕྱི་ལོ་ ༡༩༧༤ ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གདན་ས་ཆེན་པོ་དགའ་ལྡན་དུ་འབུལ་བཞེས་མཛད་གནང་བ་དང་། དེའི་རྗེས་ ཕྱི་ལོ་ ༡༩༧༥ ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བསླབ་པ་མཐར་སོན་པའི་དགའ་སྟོན་ཐེངས་གཉིས་པ་འཚོགས་ཏེ། སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་དང་། བོད་དུ་ལྷ་རམས་དང་སྔགས་རམས་པའི་དམ་བཅའ་བཞག་ཟིན་པ་རྣམས་དང་། རྒྱ་གར་དུ་དམ་བཞག་་ཟིན་པ་རྣམས་ལ་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་འབུལ་བཞེས་མཛད་པ་བཟུང་ད་བར་དགེ་བཤེས་ལྷ་རམས་པ་༢༢༦༠ བསླབ་པ་མཐར་སོན་པ་བྱུང་ཡོད་པ་རེད་འདུག





