སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་སྔོན་མའི་ཕྱི་ཚེས་ ༢༥ ནས་ཉིན་གྲངས་གསུམ་དང་། ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༢༢ ནས་དེ་རིང་བར་ཁྱོན་ཉིན་གྲངས་བདུན་རིང་རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་གདན་ས་འབྲས་སྤུངས་དང་དགའ་ལྡན་གཉིས་ཀྱི་གྲྭ་ཚང་བཞིས་གཙོས་པའི་དགོན་སྡེ་གྲྭ་ཚང་ཁག་ ༡༥ ནས་བསྒྲུབ་བྱ་ ༣༦༩ ལ་ད་ཆོག་ཉེས་མེད་ཕུན་ཚོགས་སྒོ་ནས་བསླབ་གཞི་ཡོངས་སུ་རྫོགས་པ་དགེ་སློང་གི་བསླབ་སྡོམ་སྩལ་ཡོད་པ་རེད། དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དྲྭ་ཐོག་བརྙན་ཐུང་སྤེལ་བའི་ནང་། དེ་རིང་ཕྱི་ཚེས་ ༢༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་སློང་གི་བསླབ་སྡོམ་སྩལ་སྐབས། ༸གང་ཉིད་མཆོག་ནས་བསྙེན་པར་རྫོགས་ཏེ་ལོ་མང་ཕྱིན་ཡོད་པས་ད་བར་ཧུར་ཐག་མཛད་ཡིན་ཅེས་དང་། དགེ་སློང་ཚོར་བསྙེན་རྫོགས་ཀྱི་སྡོམ་པ་འབོག་རྒྱུ་བྱུང་བ་དེ་དངོས་གནས་དྲང་གནས་ཀྱི་སྐལ་པ་བཟང་པོ་ཡིན་ཞེས་བཀའ་སྩལ་དང་འབྲེལ། ང་ཚོ་བཙན་བྱོལ་བ་ཆགས་རྗེས་རྒྱ་གར་དུ་གཞི་ནས་སྟོན་པའི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གནང་རྒྱུའི་གོ་སྐབས་བྱུང་བ་རེད་ལ། སྤྱི་ཡོངས་ནས་འགེག་རྐྱེན་མང་པོ་ཡོད་པ་དང་མཐུན་རྐྱེན་ཞེ་དྲག་མེད་པ་ཡིན་ནའང་། གང་ལྟར་རང་སོ་སོའ་གཟབ་གཟབ་བྱས་ན་འགེག་རྐྱེན་འདི་དག་འཐུན་པའི་རྐྱེན་དུ་གྱུར་ཐུབ་པ་ཞིག་ཆགས་ཀྱི་ཡོད་སྐོར་བཀའ་སློབ་བཀའ་དྲིན་སྩལ་འདུག རྩ་བའི་ཕྱི་ལོ་ ༡༩༥༤ ཟླ་ ༢ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱ་ཀྱ་མུ་ནེ་སྤྱན་སྔར་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་ཡོངས་སུ་བདག་གིར་བཞེས་ཡོད་ཅིང་། ཤར་པ་ཆོས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་རྗེ་བཙུན་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་དཔལ་བཟང་པོས་མཁན་པོ་མཛད་ཅིང་། སྐབས་དེའི་དགའ་ལྡན་ཁྲི་རིན་པོ་ཆེར་བྱེས་ཐུབ་བསྟན་ཀུན་དགས་དུས་བསྒོ་བ། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོས་གསང་སྟེ་སྟོན་པའི་སློབ་དཔོན་མཛད། དགའ་ལྡན་ཁྲི་ཟུར་འབྲས་བློ་གླིང་མི་ཉག་བཀྲ་ཤིས་སྟོང་འདུས་དང་བྱང་རྩེ་ཆོས་རྗེ། མཚན་ཞབས་རྣམ་པ་སོགས་ཀྱི་ལས་ཀྱི་ཁ་སྐོང་མཛད་ཡོད་པ་རེད། ལྷག་པར་ཕྱི་ལོ་ ༡༩༦༠ ཟླ་བ་ ༡ ནང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འཁོར་ཐོག་མར་སྐོར་སའི་གནས་ཝཱ་རཱ་ཎ་སཱི་སཱ་ར་ནཱ་ཐ་དུ་བསྒྲུབ་བྱ་ ༡༥ ལ་བསྙེན་རྫོགས་སྡོམ་པ་བཀའ་དྲིན་སྩལ་ཡོད་པ་དང་། དེ་ནི་མགོན་པོ་༸གང་ཉིད་མཆོག་ནས་བསྙེན་རྫོགས་ཀྱི་སྡོམ་པ་འབོག་པ་ཐོག་མ་དེ་ཡིན་པ་རེད།
The post ༸གོང་ས་མཆོག་གིས་མོན་གྷོ་རུ་སྐུ་བཞུགས་རིང་བསྒྲུབ་བྱ་ ༣༦༩ ལ་དགེ་སློང་གི་སྡོམ་པ་སྩལ་བ། appeared first on vot.




