༄༅། །ངང་སེར་སྲུང་སྐྱོབ་བྱེད་མཁན། ༧རྒྱལ་བའི་བཀའ་དགོངས་ཚོགས་པ།
༄༅། །༼ངང་སེར་སྲུང་སྐྱོབ་བྱེད་མཁན། ༧རྒྱལ་བའི་བཀའ་དགོངས་ཚོགས་པ།༽ ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བྱམས་བརྩེ་ལྡན་པའི་དུས་རབས་ཤིག་བསྐྲུན་རྒྱུའི་དགོངས་གཞི་དང་མཛད་འཕྲིན་ཁག་གི་སྐོར་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པས་༼བྱམས་བརྩེའི་གསར་བརྗེ།༽ཞེས་པའི་བརྗོད་གཞིའི་འོག་བཟོ་བསྐྲུན་ཞུས་པའི་དངོས་བྱུང་གློག་བརྙན་ཞིག་ཡིན།
དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་ཡོད་པའི་མུདྷ་(Muth)ཞེས་པའི་གྲོང་གསེབ་ཏུ་གནས་སྡོད་ཡུལ་མི་ཁག་ཅིག་ནས་ངང་སེར་སྲུང་སྐྱོབ་ཀྱི་ལས་དོན་བསྒྲུབ་བཞིན་ཡོད།
༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་མུདྷ་ཡུལ་མི་ཁག་ཅིག་ནས་ངང་སེར་སྲུང་སྐྱོབ་ཀྱི་ལས་དོན་ལ་དམིགས་ཏེ་༧རྒྱལ་བའི་བཀའ་དགོངས་ཚོགས་པ་ཞེས་གསར་བཙུགས་ཀྱིས་ད་བར་ལོ་ངོ་ ༢༥ འགྲོ་བཞིན་ཡོད། མགོན་པོ་གང་ཉིད་མཆོག་ནས་ཚོགས་པའི་ལས་དོན་ཐད་དམིགས་བསལ་གྱི་མཐུན་འགྱུར་གསོལ་སྩལ་བཀའ་དྲིན་སྐྱོང་བཞིན་ཡོད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༩༠ ལ་ཕེབས་པའི་༧སྐུའི་སྟོན་དང་བསྟུན། བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་བའི་ལས་རིམ་ཁོངས། ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་དང་། ཆོས་ལུགས་མཐུན་སྒྲིལ། བོད་མིའི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ། རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ་བཅས་ཀྱི་ཐོག་མཛད་འཕྲིན་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་པ་དེ་དག་གིས་མི་སྒེར་གྱི་མི་ཚེ་དང་སྤྱི་ཚོགས་ལ་ཕན་ནུས་ཇི་བྱུང་དངོས་བྱུང་གློག་བརྙན་བཟོ་བསྐྲུན་ལམ་ནས་གསལ་འདོན་ཞུ་བཞིན་ཡོད།





