༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༢ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་སུད་སི་སྐུ་ཚབ་དོན་གཅོད་གཉིས་ཟུང་སྦྲེལ་ཐོག་གོ་སྒྲིག་ཞུས་པའི་ཇི་ནི་ཝའི་གླེང་སྟེགས་ཐེངས་དྲུག་པ་ལེགས་གྲུབ་བྱུང་ཡོད་པ་དང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱུན་མཐུད་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཇུག་སྡོམ་གསུང་བཤད་ནང་གསུང་དོན། སྲིད་སྐྱོང་གི་ལས་འཁུར་བཞེས་མཚམས་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་ལས་དོན་ཐོག་ཐབས་བྱུས་ཀྱི་འགྱུར་བ་ཞིག་བཏང་ཡོད། དེ་ཡང་རྒྱལ་སྤྱིའི་མང་ཚོགས་རྣམས་ཚུར་འགུགས་སླད་བོད་ནི་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པར་ནན་བཤད་བྱེད་བཞིན་ཡོད། ང་ཚོས་ཁྱེད་རྣམ་པར་རྫུན་ཤོད་ཅེས་ཟེར་གྱི་མེད། དེ་ནི་ལོ་རྒྱུས་ཀྱི་བདེན་དོན་ཞིག་ཡིན། ཞེས་གསུངས།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས། གལ་སྲིད་བོད་རྒྱའི་དཀའ་རྙོག་སེལ་དགོས་ཚེ་རྒྱ་ནག་དང་འབྲེལ་བ་བྱེད་དགོས་ངེས་ཡིན་པས་དེ་ལྟར་གནང་བཞིན་ཡོད་ཀྱང་། རྒྱ་ནག་གི་སྲིད་བྱུས་ཡོངས་ལ་ལྟ་ཞིབ་བྱས་ཚེ་ཁོ་ཚོས་བོད་པའི་གནས་བབ་དམའ་རུ་གཏོང་ཐབས་བྱེད་བཞིན་ཡོད། ཅེས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཞུ་གཏུག་བྱེད་དགོས་པའི་གལ་གནད་དང་འབྲེལ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་རྒྱའི་དཀའ་རྙོག་མ་སེལ་བར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབྲེལ་མཐུད་ཀྱིས་ཞུ་གཏུག་བྱེད་དགོས་ངེས་ཡིན་པ་དང་། རྒྱལ་སྤྱིའ་ིསྤྱི་ཚོགས་ལ་ཡིད་ཆེས་ངེས་རྙེད་བཟོ་རྒྱུ་ནི་ལས་སླ་པོ་ཞིག་མིན། གང་ལ་ཞེ་ན། ཚང་མས་རང་ཉིད་ཀྱི་ཁེ་ཕན་འཚོལ་གྱི་ཡོད། དེ་ལྟ་ནའང་ང་ཚོར་གྲུབ་འབྲས་གང་འཚམ་ཞིག་ཐོན་ཡོད་ཀྱང་། ང་ཚོར་མུ་མཐུད་རྒྱབ་སྐྱོར་དགོས་ངེས་ཡིན་པར་གསུངས།
གླེང་སྟེགས་ཀྱི་ཉིན་གཉིས་པར་བོད་པའི་སྲོལ་རྒྱུན་གྱི་ཡང་སྲིད་ངོས་འཛིན་དང་འབྲེལ་བའི་ཐོག་དམིགས་གསལ་བགྲོ་གླེང་ཚུད་པའི་ཆེད་དོན་མི་སྣའི་བགྲོ་གླེང་ཐེངས་གསུམ་གོ་སྒྲིག་གིས་བསྐོང་ཚོགས་གནང་ཡོད།
བགྲོ་གླེང་གི་མཇུག་སྡོམ་མ་གནང་གོང་ཆེད་དོན་མི་སྣ་ཁག་གཅིག་གིས་རྒྱལ་སྤྱིའི་ཚོགས་པ་ཁག་བརྒྱུད་རྒྱལ་སྤྱིའི་འགན་འཁུར་ཡར་རྒྱས་གཏོང་ཐབས་སྐོར་བགྲོ་བསྡུར་གནང་ཡོད། མཇུག་སྡོམ་ཐོག་མགྲོན་འབོད་ཞུས་པའི་སྐུ་མགྲོན་ཇི་ནི་ཝའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སེཌ་རིག་ཇེ་ནེ་རེཊ་ (Mr. Cédric Jeanneret) ལགས་དང་། ཇི་ནི་ཝར་རྟེན་གཞི་བྱས་པའི་ཐའེ་ཝན་གྱི་གཞུང་ཚབ་གྲེག་ཇི་ཌི་ལི་ (Greg G.D. Lee) ལགས། སུད་སི་གྲོས་ཚོགས་འཐུས་མི་ Delphine Klopfenstein Broggini ལགས་བཅས་ཚུད་པའི་གནད་ཡོད་མི་སྣ་ལྔ་ནས་ཆེད་དོན་མི་སྣ་བགྲོ་གླེང་ཐོག་ཆ་ཤས་བླངས་ཡོད།
ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་མཇུག་སྡོམ་གསུང་བཤད་གནང་དོན། ཉིན་གྲངས་གཉིས་རིང་བསྐོང་ཚོགས་གནང་བའི་ལྷན་ཚོགས་ཐོག་བགྲོ་གླེང་ཁག་གྲུབ་འབྲས་ལྡན་པ་ཞིག་བྱུང་ཡོད་པ་དང་། གསུང་བཤད་པ་དང་སྐུ་ཚབ་རྣམས་ནས་གླེང་སྟེགས་འདིའི་ཐོག་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད།
ཇི་ནི་ཝར་རྟེན་གཞི་བྱས་པའི་ཐའེ་ཝན་གྱི་གཞུང་ཚབ་གྲེག་ཇི་ཌི་ལི་ལགས་ཀྱིས་ཉིན་གཉིས་རིང་ནུས་པ་ལྡན་པའི་དངོས་བྱུང་གི་ལོ་རྒྱུས་ལ་རྒྱུས་ལོན་གྱིས། ཁོང་སྒེར་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཚོར་བ་ཤུགས་ཆེ་བྱུང་སོང་ཞེས་གསུངས་ཡོད།
སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་མཇུག་སྡོམ་མཛད་སྒོར་ཐུགས་རྗེ་ཆེ་གསུང་བཤད་གནང་ཡོད། དེ་རྗེས་ལྷན་ཚོགས་ཐོག་མཉམ་ཞུགས་གནང་མཁན་གྱི་སྐུ་ཚབ་རྣམས་ལ་དགོང་མོའི་གསོལ་ཚིགས་འདེགས་འབུལ་ཞུས་གནང་ཡོད་པ་བཅས། །






