དཔལ་ལྡན་ཚོགས་གཙོ་མཆོག་སྦེལ་ཀོབ་གཞིས་ཆགས་སུ་ཕེབས་འབྱོར་མཚམས་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་པ།

2 weeks ago

དཔལ་ལྡན་ཚོགས་གཙོ་མཆོག་སྦེལ་ཀོབ་གཞིས་ཆགས་སུ་ཕེབས་འབྱོར་མཚམས་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་པ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༤ པའི་ཚེས་ ༢༤ ཉིན་གྱི་སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་ནས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གྱིས་ཉིན་གུང་ས་གནས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་ཕེབས་འབྱོར་མཚམས། གདན་ས་བཀྲ་ཤིས་ལྷུན་པོའི་༧སྐྱབས་རྗེ་མཁན་རིན་པོ་ཆེ་གཟིགས་རྒྱབ་སྤྲུལ་སྐུ་མཆོག་དང་། སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས། སྦེལ་ཀོབ་བདེ་སླར་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ངག་དབང་བསྟན་འཛིན་ལགས། ས་གནས་ཁྲིམས་ཞིབ་པ་ཕུན་ཚོགས་དཔལ་ལྡན་ལགས། སྤྱི་ཟུར་པདྨ་བདེ་ལེགས་ལགས། དགོན་པའི་དབུ་ཆོས་རྣམ་པ། དགོན་སྡེ་ཁག་གི་སྐུ་ཚབ་རྣམ་པ། ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ལས་སྣེ་རྣམ་པ། དེ་བཞིན་སློབ་ཕྲུག་རྣམས་ནས་རྔ་རོལ་དང་བཅས་བཀྲ་ཤིས་ཞོལ་པ་སོགས་འཁྲབ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། དེ་ནས་དགོན་པའི་ནང་གནས་གཟིགས་སུ་ཕེབས་རྗེས། རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་གནང་སོང་།

གཞི་རྩའི་དཔལ་ལྡན་ཚོགས་གཙོ་མཆོག་ཕྱི་ལོ་ ༢༠༢༦ ཟླ་བ་ ༤ པའི་ཚེས་ ༢༥ རེས་གཟའ་སྤེན་པ་ཉིན་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་གཞུང་འབྲེལ་མཉམ་ཞུགས་གནང་གཏན་ཁེལ་ཡོད་པ་བཅས། །

Original Article