དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཨ་རིའི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༢ ཚེས་ ༠༥ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་དང་། ཨ་རིའི་གྲོས་ཚོགས་ཀྱི་སྲིད་དོན་ཤོག་ཁག་ཟུང་འབྲེལ་ནས་མོས་མཐུན་གནང་བའི་ཕྱི་ལོ་ ༢༠༢༤ ལོའི་བོད་རྒྱའི་དཀའ་རྙོག་གི་ཁྲིམས་འཆར་ཐོག་མར་འཆར་འབུལ་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཇེཕ་མར་ཁི་ལི་ (Jeff Merkley) ལགས་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་ཡོད། ཉིན་རྗེས་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རི་དང་རྒྱ་ནག་དབར་གྱི་དཔལ་འབྱོར་དང་བདེ་འཇགས་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་དང་མཇལ་འཕྲད་ཀྱིས་བཀའ་བསྡུར་གནང་སྟེ་ཐེངས་འདིའི་ཨ་རིའི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད།
འཚམས་གཟིགས་རིང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྔར་ལྷག་རྒྱལ་སྤྱིའི་སྟེང་བོད་དོན་ཐོག་གོ་རྟོགས་དང་རྒྱབ་སྐྱོར་གོང་སྤེལ་གཏོང་སླད་མཐོ་རིམ་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བསམ་མཛོད་བསྟི་གནས་ཁང་གི་རྒྱ་ནག་རིག་པའི་ཐོག་ཆེད་ལས་མཁས་པ་ཁག་གཅིག་དང་མཇལ་འཕྲད་ཀྱིས་ད་ལྟའི་ཆར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཏེ་དྲིལ་བསྒྲགས་བྱེད་བཞིན་པའི་དཀའ་ངལ་ཐོག་གྲོས་མོལ་གནང་ཡོད། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་དང་ཨེཊ་ལན་ཊིག་ལྷན་ཚོགས་སུ་ཕེབས་ཞུགས་ཀྱིས་བོད་མིའི་མང་གཙོའི་ལམ་ལུགས་དང་། ཡང་སྲིད་དང་འབྲེལ་བའི་གནད་དོན། ཆོས་དད་རང་དབང་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་ཨ་རིར་གཞུང་འབྲེལ་འཚམས་གཟིགས་གནང་བའི་རིང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་གཉིས་ལྷན་བཅར་གྱིས་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་མཁན་ཨ་རིའི་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་ཀྱིས་བོད་དོན་ཐོག་རྒྱུན་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ན་གཞོན་ཁག་གཅིག་དང་མཇལ་འཕྲད་ཀྱིས་མ་འོངས་པའི་ལོ་ཟླའི་ནང་ཨ་རིའི་སྲོད་དོན་ཤོག་ཁག་ཟུང་འབྲེལ་གྱིས་བོད་དོན་ཐོག་རྒྱབ་སྐྱོར་རྒྱུན་སྐྱོང་གནང་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་སྐོར་ནན་བརྗོད་གནང་ཡོད།
ཐེངས་འདིའི་ཨ་རིའི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་བྱུང་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་བོད་དོན་གླེང་སྟེགས་ཐོག་ཕེབས་ཞུགས་ཆེད་ཕྱི་ཟླ་ ༢ ཚེས་ ༧ ཉིན་ཇི་ནི་ཝར་ཕེབས་ཐོན་གནང་ཡོད། །





