དྲྭ་རྒྱའི་ངན་བྱུས་འཇབ་རྐུས་འོག་བོད་མི་ཞིག་གི་ཧིན་སྒོར་བྱེ་བ་ ༡།༦༡ འཕྲོག་བཅོམ་བྱས་འདུག

4 months ago

དྲྭ་རྒྱའི་དུས་སྐབས་འདིར་གཡོ་ཟོལ་དང་ངན་བྱུས་འོག་དངུལ་འཕྲོག་བཅོམ་བྱས་པའི་གནས་ཚུལ་རིམ་པ་ཐོན་དང་འཐོན་བཞིན་ཡོད་པའི་ཁྲོད། རྒྱ་གར་ལྷོ་ཕྱོགས་མོན་གྷོ་ནང་དུ་རྟེན་གཞི་བྱས་པའི་བོད་མི་ཞིག་ལ་གནས་ཚུལ་དེ་མཚུངས་འོག་ཧིན་སྒོར་བྱེ་བ་ ༡།༦༡ འཕྲོག་བཅོམ་བྱས་འདུག

དེ་ཡང་མོན་གྷོ་འདོད་རྒུ་གླིང་ནང་གནས་སྡོད་བྱེད་མཁན་དཔལ་ལྡན་ལགས་སུ་ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༢༩ ཡས་མས་ཤིག་ལ་ WhatsApp ཝཙ་ཨེཔ་ཁ་པར་ཞིག་འབྱོར་ཡོད་པ་དང་། མིས་དེས་མཱ་ཧ་རཤ་ཊི་ཡ་མངའ་སྡེ་ནང་གི་ Colaba, Mumbai མོམ་བྷེ་ཀོ་ལཱ་བཱ་ཉེན་རྟོག་པའི་དཔོན་པོ་ཡིན་ཁུལ་བྱས་ཏེ། དགེ་དཔལ་ལྡན་ལགས་དེ་སྔོན་མོམ་བྷེ་ནང་དུ་དྲག་སྤྱོད་པའི་མི་གསོད་ཁྲག་སྦྱོར་བྱས་པའི་གནད་དོན་དང་འབྲེལ་ནས། དྲག་སྤྱོད་པར་དངུལ་ཕོན་ཆེན་གཏོང་ལེན་བྱས་ཡོད་ལུགས་བརྗོད་དེ་རིམ་པས་ཧིན་སྒོར་བྱེ་བ་ ༡།༦༡ འཕྲོག་བཅོམ་བྱས་འདུག

འདི་ག་རླུང་འཕྲིན་ཁང་ནས་ཁོང་ལ་འབྲེལ་བ་ཞུས་ཏེ་གནས་ཚུལ་རྒྱུས་ལོན་ཞུ་ཐབས་ཞུས་ཀྱང་དང་ལེན་གནང་མ་བྱུང་། འོན་ཀྱང་ཁ་སང་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀའི་ Public First Newz Digital གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན། ཉེན་རྟོག་དཔོན་པོ་ཡིན་ཁུལ་བྱེད་མཁན་མི་དེས་མོམ་བྷེ་ནང་དུ་དྲག་སྤྱོད་པ་གནས་སྡོད་བྱས་སའི་ས་ཁུལ་ནས་དངུལ་ཁང་གི་ཁ་བྱང་ ༢༤༧ ཙམ་རྩད་སྤྱོད་བྱུང་ཡོད་ལུགས་དང་། དེའི་ནང་དགེ་དཔལ་ལྡན་ལགས་ཀྱི་དངུལ་ཁང་གི་ཁ་བྱང་ཡང་ཡོད་ལུགས་བཤད་དེ། དངུལ་ནག་བྱེ་བ་ ༢ ལྷག་གཏོང་ལེན་བྱས་འདུག་ཟེར་ནས། ཁྲིམས་འགལ་ཚབས་ཆེན་བྱས་ཡོད་པའི་གཡོ་བྱུས་བཤམ། དགེ་དཔལ་ལྡན་ལགས་ཀྱིས་གནད་དོན་དེའི་ནང་འབྲེལ་བ་མེད་ཅེས་བརྗོད་ཡོད་ཀྱང་། ད་དུང་རྒྱ་གར་གྱི་ཁྲིམས་ཁང་མཐོ་ཤོས་ནས་བཀའ་རྒྱ་བཏང་བ་བསྟན་ནས། འཛིན་བཟུང་བཙོན་འཇུག་བྱ་རྒྱུའི་ཉེན་བརྡ་བཏང་བའི་ཐོག་གནས་ཚུལ་དེ་སུ་གལ་ལའང་བཤད་རྒྱུ་མེད་པ་བརྗོད་འདུག

དེའི་རྗེས་སུ་གཡོ་ཟོལ་བྱེད་མཁན་མི་དེས་དེ་འབྲེལ་ཞིབ་འཇུག་བྱ་རྒྱུ་ཡིན་ལུགས་བཤད་པ་དང་། དེའི་ཆེད་དུ་དངུལ་ཡོངས་རྫོགས་བསྐུར་དགོས་ཤིང་། གལ་ཏེ་དྲག་སྤྱོད་པ་དང་འབྲེལ་བ་མེད་ཚེ་དངུལ་ཕྱིར་སློག་བྱ་རྒྱུ་ཡིན་སྐོར་བཤད་ཡོད་སྟབས། ཉིན་གཉིས་རྗེས་སུ་སླར་ཡང་ཁ་པར་འབྱོར་ཏེ་ཞིབ་འཇུག་ཁྲོད་འབྲེལ་བ་མེད་ཚུལ་བཤད་འདུག ཡང་དེའི་རྗེས་སུ་ ED (Enforcement Directorate) རྒྱ་གར་གཞུང་གི་ཁྲིམས་ལུགས་ལག་བསྟར་དང་དཔལ་འབྱོར་གྱི་གནས་ཚུལ་ཞིབ་འཇུག་བྱེད་མཁན་ལས་ཁུངས་ཀྱི་བཀོད་ཁྱབ་བཏོན་ནས་སླར་ཡང་ཞིབ་འཇུག་བྱ་དགོས་ལུགས་བཤད་དེ། དངུལ་ཁང་གི་ཁ་བྱང་འགའ་ཤས་བཏང་བའི་ནང་། ཁོང་གིས་ཕྱི་ཟླ་ ༡༢ ཚེས་ ༣ ནས་ ༡༥ བར་ཧིན་སྒོར་འབུམ་ ༢༠ དང་ ༡༧ ། ༡༠ ། ༢༠ སོགས་རིམ་པ་བཏང་བའི་རྗེས་སུ་ ED ཞིབ་འཇུག་དེ་ཕྱིར་འཐེན་བྱུང་སོང་ཞེས་བཤད་དེ། ད་དུང་དངུལ་ཕོན་ཆེན་པོ་བླུགས་ཡིན་སྐོར་བཤད་འདུག

Original Article