འདི་ལོ་༧གོང་ས་མཆོག་དགུང་གྲངས་༩༠ ལ་ཕེབས་པ་དང་སྟབས་བསྟུན་ནས། བོད་ཀྱི་བཙུན་མའི་ལས་འཆར་ཁང་དང་བཙན་བྱོལ་ནང་ཡོད་པའི་བཙུན་དགོན་༡༤ བཅས་ནས་དེ་རིང་༧གོང་ས་མཆོག་ལ་བརྟན་བཞུགས་ཤིག་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཕུལ་སོང་།ཕྱི་ལོ་༢༠༢༥ ཟླ་༤ ཚེས་༢༤ ཉིན་བོད་ཀྱི་བཙུན་མའི་ལས་འཆར་ཁང་དང་བོད་པའི་བཙུན་མའི་དགོན་པ་༡༤ བཅས་ནས། འདི་ལོ་༧གོང་ས་མཆོག་དགུང་གྲངས་༩༠ ཕེབས་པའི་སྐུའི་གོ་སྟོན་དང་བསྟུན་ནས་༧གོང་ས་མཆོག་ལ་བརྟན་བཞུགས་ཤིག་༧རྒྱལ་བའི་ཕོ་བྲང་དུ་ཕུལ་གནང་སོང་། བརྟན་བཞུགས་སྐབས་སུ་༧གོང་ས་མཆོག་ལ་སྒྲོལ་མའི་གཟུངས་སྔགས་ཡོད་པའི་གཟེངས་རྟགས་ཤིག་ཕུལ་ཡོད་པ་དེ་རིང་བཙུན་མའི་ལས་འཆར་ཁང་གི་འགན་འཛིན་དབུ་དཀར་ཚང་གཡུ་སྒྲོན་གྱིས་གསུངས་སོང་། ད་དུང་ཁོང་གིས་འདི་ལོ་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་དགོས་དོན་ནི། འདས་པའི་ལོ་༣༩ རིང་བཙུན་མའི་ལས་འཆར་སྤེལ་བ་ལ་བརྟེན་ནས། ཕྱི་ལོ་༢༠༡༦ ནས་ད་བར་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་ཁྱོན་དགེ་བཤེས་མ་༡༣༣ ཐོན་ཡོད་པ་དང་། ཐོག་མ་དགེ་བཤེས་མ་༢༠ ཐོན་རྗེས། ད་ལྟ་བཙུན་མའི་ལས་འཆར་ཁོངས་སུ་ཁྱོན་བཙུན་དགོན་༡༤ དང་བཙུན་མ་༩༨༠ ཙམ་མཉམ་ཞུགས་གནང་གི་ཡོད་པ་དང་། དགེ་བཤེས་མའི་རྒྱུགས་སྤྲོད་དང་། འཇང་དགུན་ཆོས་སོགས་ལས་འཆར་ཚང་མ་བསྡོམས་ན་བཙུན་མ་༡༣༠༠ ཙམ་ལ་ལས་འཆར་སྤེལ་བཞིན་ཡོད་པ་བརྗོད་ཀྱི་འདུག ལས་འཆར་ཁོངས་སུ་གཙོ་བོ་ཤེས་ཡོན་དང་འཕྲོད་བསྟེན། འཚོ་གནས། ནུས་པ་གོང་འཕེལ་སྤེལ་ཐབས་བཅས་ཀྱི་ལས་གཞི་སྤེལ་བཞིན་ཡོད་པ་བརྗོད་སོང་། ལས་འཆར་དེ་དག་༧གོང་ས་མཆོག་གི་ལམ་སྟོན་དང་བཀའ་སློབ་བཅས་ལ་བརྟེན་ནས་སྤེལ་བ་ཡིན་པས། ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བཙུན་མ་མང་པོ་ཞིག་ལ་ཕན་ཐོགས་ཆེན་པོ་འབྱུང་བཞིན་པ་ནི་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པས། དེ་རིང་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་བརྟན་བཞུགས་ཕུལ་བ་ཡིན་པ་དང་། བརྟན་བཞུགས་སྐབས་སུ་སྒྲོལ་མའི་གཟུངས་སྔགས་ཡོད་པའི་གཟེངས་རྟགས་ཤིག་དང་། དེ་བཞིན་བཙུན་མའི་ལས་འཆར་དང་འབྲེལ་བའི་སྐུ་ཐང་བཅས་ཕུལ་ཡོད་པ་རྗོད་ཀྱི་འདུག
པར། བོད་ཀྱི་བང་ཆེན།
བཙུན་མའི་ལས་འཆར་གྱི་འགན་འཛིན་ཟུར་པ་བཀའ་ཟུར་རིན་ཆེན་མཁའ་འགྲོས་བརྗོད་དོན། བཙུན་མའི་ལས་འཆར་དེ་ཐོག་མ་ཕྱི་ལོ་༡༩༨༧ ལོ་ནས་འགོ་བཙུགས་ཡོད་པ་དང་། དེ་ནི་བོད་པའི་ལོ་རྒྱུས་ཁྲོད་བཙུན་མའི་ཤེས་ཡོན་ཐད་ལས་འཆར་སྤེལ་བ་ཐོག་མ་དེ་ཆགས་ཡོད། སྔར་བོད་ཀྱི་ལོ་རྒྱུས་ཁྲོད་བཙུན་མ་ཚོར་ནང་ཆོས་སློབ་སྦྱོང་བྱེད་ས་མེད་པ་དང་། བཙན་བྱོལ་དུ་ཕེབས་རྗེས་༧གོང་ས་མཆོག་ནས་བཙུན་མ་ཚོས་ནང་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་ཡང་ཡང་གསུངས་པ་ལ་བརྟེན་ནས། བཀའ་ཟུར་རིན་ཆེན་མཁའ་འགྲོ་ཁོང་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་དུས། བུད་མེད་ཚོགས་པ་དང་ཕྱི་རྒྱལ་གྱི་རོགས་རམ་ཚོགས་པ་ཁག་གི་རྒྱབ་སྐྱོར་ལ་བརྟེན་ནས་ད་བར་བཙུན་མའི་ལས་འཆར་མང་པོ་སྤེལ་བ་དང་། ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་དགེ་འདུན་པ་དང་གཅིག་མཚུངས་ལྟར་བཙུན་མ་ཚོས་ཀྱང་རྒྱུགས་སྤྲོད་གཏོང་བ་དང་། ལག་འཁྱེར་བཞེས་པ་སོགས་ཆོས་ལུགས་རིས་མེད་ཀྱི་བཙུན་མ་ཚོའི་ཁྲོད་ནས་ད་ཆར་དགེ་བཤེས་མ་དང་མཁན་མོ་སོགས་མང་པོ་ཐོན་དང་འཐོན་བཞིན་ཡོད་པ་ནི་ཧ་ཅང་དགའ་འོས་པ་ཞིག་ཡིན་པ་དང་། དེ་དག་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་ཞེས་གསུངས་སོང་། དེ་བཞིན་དེ་རིང་བརྟན་བཞུགས་སྐབས་སུ་༧གོང་ས་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་པ་གསུངས་སོང་ལ། རྒྱུ་མཚན་ནི་དེ་རིང་དངོས་སུ་བརྟན་བཞུགས་སྐབས་ཕེབས་མཁན་གྱི་བཙུན་མ་ཚོ་ནི་ཤེས་ཡོན་ཧ་ཅང་ཡག་པོ་ཡོད་མཁན་ཤ་སྟག་ཡིན་པས་རེད་ཅེས་གསུངས་སོང་།གསར་འགོད་པ། བསོད་ནམས་ཕུན་ཚོགས།





