བཞུགས་སྒར་དུ་ཆོ་འཕྲུལ་དུས་ཆེན་སྲུང་བརྩི།

2 months ago

དེ་རིང་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་ཐོག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༸རྒྱལ་བའི་ཕོ་བྲང་དུ་རྒྱུད་གྲྭ་སྨད་སྟོད་སོགས་་ཀྱི་བསྒྲུབ་བྱར་བསྙེན་རྫོགས་ཀྱི་སྡོམ་པ་འབོག་ཆོག་སྩལ་བ་དང་། དེ་བཞིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་༧སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་བློ་བཟང་མཁས་གྲུབ་མཆོག་གིས་དད་ལྡན་མང་ཚོགས་ལ་སྐྱེས་རབས་གསུངས་ཆོས་བཀའ་དྲིན་སྩལ་གནང་སོང་། དེ་ཡང་ལོ་ལྟར་བོད་ཟླ་ ༡ ཚེས་པ་ ༡༥ སྟེ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་ཐོག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་མང་ཚོགས་ལ་སྐྱེས་རབས་ཀྱི་ཆོས་འབྲེལ་བཀའ་དྲིན་མཛད་སྲོལ་ཡོད་ཀྱང་། ཐེངས་འདིར་གོང་ས་མཆོག་ནས་དེ་ལྟར་ཆོས་འབྲེལ་སྩལ་མེད་ཀྱང་། མགོན་པོ་༸གང་ཉིད་མཆོག་གིས་འདས་པའི་ཉིན་གྲངས་བཞིིའི་རིང་༸རྒྱལ་བའི་ཕོ་བྲང་དུ་བོད་མི་གཙོས་རྒྱལ་ཁབ་བརྒྱད་ལྷག་ནས་བཅར་བའི་བསྒྲུབ་བྱ་ ༢༡༩ ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ། དེ་བཞིན་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་བ་ལྟར་དེ་རིང་ཡོངས་སུ་ལེགས་གྲུབ་བྱུང་སྟེ། འདི་ལོའི་ཆོ་འཕྲུལ་དུས་ཆེན་ཐོག དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་༸སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་བློ་བཟང་མཁས་གྲུབ་ཆིབས་བསྒྱུར་གྱིས་དད་ལྡན་མང་ཚོགས་ལ་སྐྱེས་རབས་གསུངས་ཆོས་སྩལ་གནད་མཛད་སོང་།  འདི་ག་རླུང་འཕྲིན་ཁང་གིས་གོ་སྐབས་འདི་དང་བསྟུན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་ཚེ་རིང་རྡོ་རྗེ་ལགས་སུ་ཆོ་འཕྲུལ་དུས་ཆེན་གྱི་རྒྱབ་ལྗོངས་དང་སྐྱེས་རབས་གསུངས་ཆོས་གནང་དགོས་པའི་དགོས་པ་སོགས་དང་འབྲེལ་ནས་བཅར་འདྲི་ཞུས་ཡོད།  རྩ་བའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེ་བཞིན་དེ་སྔ་སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་སྐབས་རྒྱ་གར་གྱི་གནས་མཆོག་མཉན་ཡོད་དུ་རྫུ་འཕྲུལ་གྱི་འགྲན་སྡུར་ཁྲོད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མུ་སྟེག་སྟོན་པ་དྲུག་ལ་སོགས་པ་ཕམ་པར་མཛད་དེ་སྟོན་པ་འཁོར་དང་བཅས་པ་རྒྱལ་བའི་དུས་ཚིགས་དྲན་གསོའི་ཕྱིར་ཆོ་འཕྲུལ་དུས་ཆེན་ཞེས་སྲུང་བརྩི་གནང་སྲོལ་ཡོད་པ་ལྟར།  རྗེ་ཙོང་ཁ་པ་ཆེན་པོས་ཕྱི་ལོ་ ༡༤༠༩ ལོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་འཛུགས་གནང་སྟེ་ལོ་ངོ་ ༦༡༧ འགྲོ་ཡི་ཡོད་པ་དང་། རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས་ཕྱི་ལོ་ ༡༩༦༡ ལོར་ཐོག་མ་གནས་མཆོག་རྡོ་རྗེ་གདན་དང་། སྦག་ས་ཆོས་སྒར་དུ་བསྐྱར་གསོ་གནང་སྟེ་ད་བར་ལོ་ངོ་ ༦༥ འགྲོ་ཡི་ཡོད་པ་རེད།  ད་ལྟའི་ཆར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེ་བཞིན་བོད་མདོ་དབུས་ཁམས་གསུམ་དུ་འཚོག་བཞིན་ཡོད་པ་དང་།  རྒྱ་གར་ནང་བཞུགས་སྒར་དྷ་རམ་ས་ལ་གཙོས་མོན་གྷོ་དང་སྦེལ་ཀོབ་ལ་སོགས་པ། དེ་བཞིན་ཁེ་ན་ཊ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ལའང་སྲུང་བརྩི་ཞུ་ཡི་ཡོད་པ་རེད།

The post བཞུགས་སྒར་དུ་ཆོ་འཕྲུལ་དུས་ཆེན་སྲུང་བརྩི། appeared first on vot.

Original Article