དེ་རིང་ཕྱི་ཚེས་ ༢༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་གྲྭའི་ནང་བསྒྲུབ་བྱ་ ༥༡ ལ་དགེ་སློང་གི་བསླབ་སྡོམ་བཀའ་དྲིན་སྩལ་བ་དང་འབྲེལ། བསྟན་པ་ཉག་ཕྲ་བའི་དུས་སྐབས་འདིར་ཚང་མས་སེམས་ཤུགས་བསྐྱེད་དེ་སངས་རྒྱས་ཀྱི་བསྟན་པ་ས་དར་རྡོ་དར་ཡག་པོ་ཞིག་ཡོང་རྒྱུར་ལས་འགན་དང་སྨོན་ལམ་ཡང་དེ་ལྟར་རྒྱག་དགོས་པའི་ལམ་སྟོན་བཀའ་དྲིན་ཆེ་བ་མཛད་འདུག
དེ་རིང་ནས་བཟུང་ཕྱི་ཚེས་ ༢༧ བར་དང་དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་ ༡ པོའི་ནང་༸གོང་ས་མཆོག་ནས་བསྙེན་རྫོགས་ཀྱི་བསླབ་སྡོམ་སྩལ་བའི་མཛད་འཆར་ཡོད་པ་དང་། རྩ་བའི་ཕྱི་ལོ་ ༡༩༥༤ ཟླ་ ༢ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱ་ཀྱ་མུ་ནེ་སྤྱན་སྔར་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་ཡོངས་སུ་བདག་གིར་བཞེས་ཡོད་ཅིང་། ཤར་པ་ཆོས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་རྗེ་བཙུན་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་དཔལ་བཟང་པོས་མཁན་པོ་མཛད་ཅིང་། སྐབས་དེའི་དགའ་ལྡན་ཁྲི་རིན་པོ་ཆེར་བྱེས་ཐུབ་བསྟན་ཀུན་དགས་དུས་བསྒོ་བ། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོས་གསང་སྟེ་སྟོན་པའི་སློབ་དཔོན་མཛད། དགའ་ལྡན་ཁྲི་ཟུར་འབྲས་བློ་གླིང་མི་ཉག་བཀྲ་ཤིས་སྟོང་འདུས་དང་བྱང་རྩེ་ཆོས་རྗེ། མཚན་ཞབས་རྣམ་པ་སོགས་ཀྱི་ལས་ཀྱི་ཁ་སྐོང་མཛད་ཡོད་པ་རེད།
ལྷག་པར་ཕྱི་ལོ་ ༡༩༦༠ ཟླ་བ་ ༡ ནང་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་འཁོར་ཐོག་མར་སྐོར་སའི་གནས་ཝཱ་རཱ་ཎ་སཱི་སཱ་ར་ནཱ་ཐ་དུ་བསྒྲུབ་བྱ་ ༡༥ ལ་བསྙེན་རྫོགས་སྡོམ་པ་བཀའ་དྲིན་སྩལ་ཡོད་པ་དང་། དེ་ནི་མགོན་པོ་༸གང་ཉིད་མཆོག་ནས་བསྙེན་རྫོགས་ཀྱི་སྡོམ་པ་འབོག་པ་ཐོག་མ་དེ་ཡིན་པ་རེད།
གཞི་རྩའི་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྒྲུབ་བྱ་དགེ་ཚུལ་ ༥༧༦༨ དང་། དགེ་སློང་ ༡༨༦༩༣ ལ་སྡོམ་པ་འབོག་ཆོག་མཛད་ཡོད་པ་དང་། དེ་རིང་གི་བསྒྲུབ་བྱའི་ནང་འབྲས་སྤུངས་སྒོ་མང་དང་། རྫོང་དཀར་ཆོས་སྡེ། སྲས་རྒྱུད། དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གྲྭ་ཚང་བཅས་ནས་དགེ་སློང་བསྒྲུབ་བྱ་ ༥༡ ཡོད་པ་རེད།
པར་དབང་། དགའ་ལྡན་ཕོ་བྲང་།
པར་དབང་། དགའ་ལྡན་ཕོ་བྲང་།




