བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཞྭ་མོ་ནག་པོའི་གོམ་བགྲོད་པ་རྣམས་རྒྱལ་ས་ལྡི་ལིར་བདེ་བར་འབྱོར་བ།

2 weeks ago

ཁ་སང་ཉིན་རྒྱབ་ཀྱི་ཆུ་ཚོད་ ༤ པ་ཙམ་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མི་གྲངས་དྲུག་བཅུ་ལྷག་ཡོད་པའི་ཞྭ་མོ་ནག་པོའི་གོམ་བགྲོད་པ་རྣམས་རྒྱལ་ས་ལྡི་ལིར་འབྱོར་སོང་བ་དང་།   ས་ཐག་ཀི་ལོ་མི་ཀྲར་ ༦༠༠ ཙམ་གྱི་རྐང་འགྲུལ་གནང་མཁན་ཚོར་བོད་སྒར་བསམ་ཡས་གླིང་ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ།  རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་ཚོགས་མི་བཅས་ནས་སྣེ་ལེན་ཕེབས་བསུ་གཟབ་རྒྱས་ཞུས་སོང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཞྭ་མོ་ནག་པོའི་ལས་འགུལ་བ་ཚོས་ཉིན་གྲངས་ ༢༣ རིང་རྒྱ་གར་བྱང་ཁུལ་གྱི་ ཧི་མ་ཅལ་དང་།  པན་ཇབ།   ཧ་རི་ཡ་ན།  ལྡི་ལི་བཅས་མངའ་སྡེ་ཁག་བཞི་བརྒྱུད་དེ་ཁ་སང་དངོས་སུ་རྒྱལ་ས་ལྡི་ལིར་འབྱོར་བ་ཞིག་ཡིན་པ་དང་།  ལམ་བར་དུ་ལས་འགུལ་བ་ཚོས་བོད་དོན་དྲིལ་བསྒྲགས་ཀྱི་གཙོས་པའི།  རྒྱ་ནག་གཞུང་གི་ངོས་ནས་བོད་མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་མཚམས་འཇོགས་དགོས་པ་དང་།      ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གི་དབུས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ།    བོད་ཀྱི་ཁོར་ཡུག་ལ་བདག་གཅེས་དང་།   རྒྱ་གར་གཞུང་མང་ལ་བཀའ་དྲིན་རྗེས་དྲན་ཞུ་བ་བཅས་དགོས་འདུན་དོན་ཚན་བཞི་ཡོད་པ་དེ་དག་གསར་འགྱུར་བརྒྱུད་ལམ་ལ་དྲིལ་བསྒྲགས་དང་།  ཡིག་ཆ་འགྲེམས་སྤེལ།  ཕན་ཚུན་གདོང་དང་གདོང་ཐུག་སྟེ་ངོ་སྤྲོད་གནང་ཡོད་པ་མ་ཟད།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་གསུང་དོན་ལྟར་ན།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྦྱིན་རླབས་འོག་ནས།  ད་རེས་ཀྱི་ལས་འགུལ་དེར་ས་གནས་ཡུལ་མི་དང་གསར་ཁང་སོགས་ཀྱི་རྒྱབ་སྐྱོར་ཧ་ཅང་ཆེན་པོ་ཐོབ་ཡོད་པ་རེད་འདུག གཞི་རྩའི་ད་རེས་ཀྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་དེ་ཉེ་སྔོན་ཕྱི་ཟླ་ ༣ པའི་ཚེས་ ༣༡ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་འགོ་འཛུགས་གནང་བ་ཞིག་ཡིན་ཞིང་།   མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་མཚམས་འཇོག་དགོས་པའི་འབོད་ཚིག་འོག  ལས་འགུལ་དེའི་ནང་བཙན་བྱོལ་དུ་གནས་པའི་ས་གནས་ཁག་ ༢༠ ལྷག་ནས་བོད་མི་རྒན་གཞོན་གྲངས་ ༦༠ ལྷག་ནས་མཉམ་ཞུགས་གནང་ཡོད་པ་དང་།  ལས་འགུལ་བའི་ཁོངས་ནས་དགུང་ལོ་བགྲེས་ཤོས་དེ་འབྲས་ལྗོངས་ནས་ཡིན་པའི་ཨ་ལྕག་སྤེན་པ་ལགས་རེད་འདུག བོད་སྒར་བསམ་ཡས་གླིང་གི་བོད་ཁྱིམ་སློབ་གྲྭའི་ཐང་སྟེང་དུ་འཚོགས་པའི་ཁ་སང་གི་སྣེ་ལེན་མཛད་སྒོ་དེའི་ཐོག་ད་དུང་། རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གཅིག་གི་སྐུ་ཚབ་ངོས་ནས་བོད་མིའི་ལས་འགུལ་དེར་རྒྱབ་སྐྱོར་ཡོད་པའི་གསུང་བཤད་སོགས་ཀྱང་གནང་ཡོད་པ་མ་ཟད།   བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་གསུང་པ་ལྟར་ན།     སང་ཉིན་ཡང་བསྐྱར་ལས་འགུལ་བ་ཚོས་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཁག་གཅིག་ཐུག་འཕྲད་གནང་རྒྱུ་མ་ཟད།  གནངས་ཉིན་ད་དུང་ལྡི་ལི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སུ་ཕེབས་ཏེ་ཁོང་ཚོའི་གོམ་བགྲོད་དེའི་དགོས་འདུན་གི་ཞུ་སྙན་ཕུལ་རྒྱུ་རེད་འདུག

The post བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཞྭ་མོ་ནག་པོའི་གོམ་བགྲོད་པ་རྣམས་རྒྱལ་ས་ལྡི་ལིར་བདེ་བར་འབྱོར་བ། appeared first on vot.

Original Article