འདི་ལོ་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཁག་གི་ནང་དུ་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་ལས་གཞིར་ཁ་གཡར་ཏེ། བོད་མིའི་ཁྱིམ་ཚང་ནང་དུ་ཟུང་སྐར་འཁོར་སྡེར་དང་སྙན་འཕྲིན་རིན་མེད་ཐོག་བགོ་འགྲེམ་བྱ་རྒྱུའི་ལས་གཞི་སྤེལ་བཞིན་འདུག་པ་དང་། ཨ་རིའི་ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལས་གཞི་འདི་ནི་བོད་ནང་དུ་རྒྱ་གཞུང་གིས་སྟངས་འཛིན་མེད་པའི་ཕྱི་ཕྱོགས་ཀྱི་གནས་ཚུལ་ལྟ་ཀློག་ཐོས་གསུམ་བཀག་སྡོམ་བྱ་རྒྱུར་དམིགས་བཞིན་པ་གསལ་པོ་མངོན་རྒྱུ་ཡོད་པ་གསུངས་འདུག དེ་ཡང་ཁ་སང་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་དྲྭ་གནས་ཐོག་དེ་འབྲེལ་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་དུ། རྒྱ་གཞུང་གིས་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་ལས་གཞི་ཟེར་བའི་འོག་ནས་ཆབ་མདོ་ཁུལ་དུ་བོད་པའི་ཁྱིམ་ཚང་ཁག་གི་ནང་ཟུང་སྐར་བརྙན་འཕྲིན་ཁྲི་ ༨ ཙམ་བགོ་འགྲེམས་བྱས་ཟིན་ཡོད་པ་མ་ཟད། རྒྱ་ནག་གི་ཟུང་སྐར་ཐད་གཏོང་རླུང་འཕྲིན་དང་བརྙན་འཕྲིན་ལས་ཁུངས་ཀྱི་གནས་ཚུལ་སྤེལ་བའི་ནང་དུ་ཟུང་སྐར་བརྙན་འཕྲིན་བགོ་འགྲེམ་གྱི་ལས་གཞི་དེ་འདི་ལོའི་ཕྱི་ཟླ་ ༦ པའི་ཟླ་དཀྱིལ་བར་ཡོངས་སུ་མཇུག་སྒྲིལ་བྱེད་ཐུབ་རྒྱུ་ཡིན་སྐོར་འཁོད་པ་ལུང་འདྲེན་གྱིས། གནས་ཚུལ་རང་དབང་ལ་དམ་བསྒྲགས་ཀྱི་སྲིད་བྱུས་དེར་གཞིགས་ན། རྒྱ་ནག་གིས་གཞུང་གིས་སྟངས་འཛིན་དང་ཆོག་མཆན་ཡོད་པའི་བརྒྱུད་ལམ་དང་གནས་ཚུལ་གཅིག་པོ་མ་གཏོགས་རྒྱང་སྲིང་བྱ་རྒྱུ་མིན་པ་ཚོད་དཔག་གནང་ཐུབ་རྒྱུ་ཡོད་སྟབས། ལས་གཞི་འདི་བོད་མི་རྣམས་ལ་ཕྱི་ཕྱོགས་ཀྱི་གནས་ཚུལ་རྒྱུས་ལོན་བཀག་སྡོམ་ཆེད་དུ་སྤེལ་བ་ཞིག་ཡིན་པ་གསལ་པོ་རྟོགས་ཐུབ་རྒྱུ་ཡོད་པ་གསུངས་འདུག སྙན་ཐོའི་ནང་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཆབ་མདོ་གྲོང་ཁྱེར་ནང་དུ། ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༡༢ ནང་ཟུང་སྐར་བརྙན་འཕྲིན་ཁྲི་ ༨ བགོ་འགྲེམས་བྱས་ཡོད་པ་མ་ཟད། གཞི་ཀ་རྩེ་ནང་དུ་ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༥ པ་ནས་འགོ་བཙུགས་ཏེ་ཞིང་འབྲོག་ཁྱིམ་ཚང་འབུམ་གཅིག་དང་ཕྱེད་ཀ་ལྷག་གི་ཁྱིམ་དུ་ཟུང་སྐར་བརྙན་ཆས་བགོ་འགྲེམ་བྱེད་བཞིན་པ། དེ་བཞིན་ ༢༠༢༥ ལོའི་ལོ་འཇུག་ནང་ལྷོ་ཁ་དང་ནག་ཆུ། དེ་བཞིན་ཉིང་ཁྲི་ཁུལ་དུ་ཕྱི་ལོ་ ༢༠༢༣ ནས་ལས་གཞི་འདི་འགོ་བཙུགས་ཟིན་ཡོད་པ་མངོན་གསལ་གནང་འདུག་པ་མ་ཟད། འདི་ག་རླུང་འཕྲིན་ཁང་གིས་ཟླ་བ་སྔོན་མའི་ཚེས་ ༢༡ ཉིན་གནས་ཚུལ་སྤེལ་བའི་ནང་དུ་རྒྱ་གཞུང་གིས་བོད་མངའ་རི་ཁུལ་མཚོ་ཆེན་རྫོང་གི་གྲོང་སྡེ་ ༡༧ ནང་དུ་གཞུང་གི་འཁོར་སྡེར་བགོ་འགྲེམས་ཀྱིས་ལས་གཞི་ལག་བསྟར་བྱས་ཟིན་ཡོད་པ་དང་། ད་བར་ཁྱོན་བསྡོམས་འཁོར་སྡེར་ ༣༥༠༠ ལྷག་ཞིང་འབྲོག་མི་དམངས་ཀྱི་ཁྱིམ་ཚང་ནང་དུ་བེད་སྤྱོད་བྱེད་འགོ་བཙུགས་ཟིན་པའི་གནས་ཚུལ་རྒྱང་སྲིང་ཞུས་ཡོད། རྩ་བའི་ལས་གཞི་འདི་བཞིན་རྒྱ་ནག་གི་ཕྱི་ལོ་ ༢༠༢༡ ནས་ ༢༠༢༥ བར་གྱི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༤ པའི་ལས་འཆར་གཙོ་གྲས་ཤིག་ཡིན་པ་དང་། དེའང་རྒྱ་ནག་རྒྱལ་ཡོངས་རླུང་འཕྲིན་དང་བརྙན་འཕྲིན་ལས་ཁུངས་ཀྱིས་སྟངས་འཛིན་བྱས་པའི་འོག་ ༢༠༢༥ ལོའི་ལོ་འཇུག་བར་དུ་ཞིང་འབྲོག་མང་ཚོགས་གཙོས་པའི་བོད་མིའི་སྡོད་གནས་བརྒྱ་ཆ་ ༩༩་༧༧ གྱི་ནང་དུ་རྒྱ་ནག་གཞུང་གིས་སྟངས་འཛིན་བྱས་པའི་གསར་འགྱུར་དང་བརྙན་འཕྲིན་ལྟ་ཉན་ཐུབ་པ་བཟོ་རྒྱུར་དམིགས་ཡོད་པ་རེད་འདུག དོན་དངོས་ཐོག་ལས་གཞི་འདིའི་ཐོག་ནས་བོད་པའི་ཁྱིམ་ཚང་ཡོངས་རྫོགས་ཀྱི་ནང་དུ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཀྲུང་གོ་ཅན་དུ་བསྒྱུར་རྒྱུའི་དྲིལ་བསྒྲགས་སྤེལ་རྒྱུའི་དམིགས་ཡུལ་སྒྲུབ་རྒྱུ་ཡིན་སྐོར་དང་། རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་མེད་པའི་བོད་ལྟ་བུའི་ས་ཁུལ་གྱི་ནང་དུ་ཟུང་སྐར་བརྙན་འཕྲིན་གྱི་ལས་གཞི་འདི་མང་ཚོགས་ཀྱི་གནས་ཚུལ་ཡོངས་ཁུངས་གཙོ་བོ་ཆགས་པ་དང་འབྲེལ། རྒྱ་ནག་གཞུང་གིས་འཁྱོག་བཤད་དྲིལ་བསྒྲགས་དང་སྲིད་བྱུས་ཁྱབ་སྤེལ་གྱི་བརྒྱུད་ལམ་གཙོ་བོ་ཞིག་ཆགས་རྒྱུ་ཡིན་པ་གསུངས་འདུག […]
The post བོད་ནང་ཟུང་སྐར་འབྲེལ་མཐུད་འཁོར་སྡེར་བརྒྱུད་གསར་འགྱུར་དམ་དྲག་ཆེ་རུ་གཏང་བཞིན་པ་མངོན་གསལ། appeared first on vot.




