བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོར་བཀའ་ཤག་གི་གཏམ་བཤད།
༄༅། །དེ་རིང་ནི་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་དམར་པོའི་བཙན་འཛུལ་ལ་ངོ་རྒོལ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་བསྡོ་བའི་སྦྱོར་ངན་འགོག་ཆེད། ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ཀྱིས་ཞུམ་པ་མེད་པའི་སྒོ་ནས་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་ ༦༧ འཁོར་བའི་དུས་དྲན་གྱི་ཉིན་མོ་ཡིན་པས། བཀའ་ཤག་གིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་དང་། ད་ལྟའང་རྒྱ་གཞུང་གི་བཙན་གནོན་འོག་བོད་མི་རིགས་ཀྱི་ངོ་བོ་གཅེས་འཛིན་གྱི་སེམས་ཤུགས་རི་རབ་བཞིན་བརྟན་པའི་གཞིས་བཞུགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།
མཛད་སྒོ་འདིའི་ཐོག་ང་ཚོ་བོད་དང་བོད་མིར་རྒྱབ་སྐྱོར་མཚོན་ཆེད་དུ་ཕེབས་མཁན་སྐུ་མགྲོན་རྣམ་པ་དང་། འཛམ་གླིང་འདིར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་དང་ཚོགས་སྒེར་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྔ་ལོར་བཀའ་ཤག་གིས་༸རྒྱལ་བའི་གོ་སྟོན་དང་བསྟུན་བྱམས་བརྩེའི་ལོ་འཁོར་སྲུང་བརྩི་ཞུ་བཞིན་པ་འདིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེའི་བསྟན་བཅོས་འདི་གོ་ལའི་ཁྱིམ་ཚང་ཆེན་པོར་ཁྱབ་སྤེལ་བརྒྱུད། ང་ཚོས་གར་སྙོབ་ཀྱི་མི་རེ་ངོ་རེའི་སེམས་རྒྱུད་བྱམས་བརྩེས་བརླན་ཏེ། སེམས་ཅན་ཐམས་ཅད་ལ་བདེ་བ་སྒྲུབ་པ་དང་། སྡུག་བསྔལ་ལས་སྐྱོབ་པའི་ཤེས་རབ་བསྐྱེད་ཅིང་། འགྲོ་བ་མིའི་ཐུན་མོང་གི་མངོན་འདོད་དེ། ཕྱི་སྣོད་ཀྱི་འཇིག་རྟེན་འདི་འབྱུང་ཁམས་དོ་སྙོམས་དང་། ནང་བཅུད་ཀྱི་སེམས་ཅན་རྣམས་ཞི་བདེ་བག་ཕེབས་ངང་གནས་ཐབས་ཀྱི་གདམ་ངག་གང་ཐུབ་ཅི་ཐུབ་ཀྱིས་ངོ་སྤྲོད་ལ་དམིགས་པ་ཞིག་ཡིན།
ང་ཚོས་ཡིད་ཆེས་བློས་འགེལ་བྱེད་ཆོག་པ་ཞིག་ནི། འཇམ་མགོན་མི་ཕམ་གྱི་འཇུག་འགྲེལ་ཟླ་བའི་ཞལ་ལུང་ལས། བྱམས་པའི་སྟོབས་ནི་སེམས་ཅན་ཀུན་སྐྱོབ་པའི་སྦྱོར་བ་མི་གཏོང་བ་ཞེས་གསུངས་པ་ལྟར། སེམས་ཅན་ཀུན་ལ་ཁྱབ་པའི་བྱམས་པ་དང་། ཐམས་ཅད་ལ་བདེ་བ་སྒྲུབ་པའི་བྱ་བ་བློས་མི་གཏོང་བའི་༸གོང་ས་མཆོག་གི་བྱམས་བརྩེའི་བསྟན་བཅོས་འདིས། ཉོན་མོངས་དུག་གསུམ་གྱིས་མྱོས་པའི་རྒྱ་དམར་གུང་ཁྲན་གཞུང་དང་། དེའི་དབང་འཛིན་པ་རྣམས་ཀྱི་སྡང་དང་གདུག་པའི་བློ་ངན་ཞི་སྟེ་མཛའ་བའི་དཔལ་ལ་སྦྱོར་རྒྱུ་ཡིན་པའང་དུས་ཚོད་སྔ་ཕྱི་ཙམ་ལ་ཐུག་ཡོད།
ད་ལྟའི་ཆར། རྒྱ་གཞུང་གིས་ཧན་མི་རིགས་མ་ཡིན་པའི་བོད་མིས་མཚོན་མི་རིགས་ཚང་མ་རྟོག་བཟོ་བྱས་པའི་”ཀྲུང་ཧྭ་མི་རིགས་”ཀྱི་གྲུབ་ཆ་ཡིན་ལུགས་བཙན་འགེལ་གྱིས། “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་”དགོས་ལུགས་བསྒྲགས་ཏེ། རྒྱལ་ཁབ་ཀྱི་འཕྲུལ་འཁོར་མ་ལག་ཡོངས་རྫོགས་བཀོལ་སྤྱོད་ཀྱིས། བོད་ནང་བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་མེད་གཏོང་བའི་སྲིད་ཇུས་གཞི་རྒྱ་ཆེ་ཞིང་གཏིང་ཚུགས་པའི་སྒོ་ནས་ལག་བསྟར་བྱེད་བཞིན་པ་སྟེ།
ཀ བོད་ཕྲུག་ས་ཡ་གཅིག་ལྷག་མི་སེར་སྤེལ་ཡུལ་རིང་ལུགས་པའི་གཏན་འཇགས་སློབ་གྲྭའི་ནང་བཅུག་སྟེ། བོད་ཀྱི་སྐད་ཡིག་རིག་གཞུང་སློབ་ཁྲིད་ཚོད་འཛིན་དང་དམར་པོའི་ལྟ་སྤྱོད་ཀྱིས་ཀླད་པ་ཁྲུས་བཤལ་བྱེད་བཞིན་པ་དེར། མཉམ་འབྲེལ་རྒྱལ་ཚོགས་དང་། ཨ་རིའི་གཞུང་། ཡུ་རོབ་གྲོས་ཚོགས། རྒྱལ་སྤྱིའི་ཞིབ་འཇུག་སྡེ་ཁག་སོགས་ནས་མི་རིགས་བཙན་བསྒྱུར་དང་། མ་ལག་ལྡན་པའི་ཐོག་ནས་རིག་གཞུང་ངོ་རྟགས་རྩ་གཏོར་ཡིན་པར་ངོས་འཛིན་གནང་ཡོད་པ་དང་།
ཁ མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་ཚོགས་ཆུང་གི་སྙན་ཐོ་ ༢༠༢༦ ཟླ་ ༡ ཚེས་ ༢༢ ཉིན་བཏོན་པའི་ནང་། “ལས་རིགས་སྦྱོར་བརྡར་དང་། ངལ་རྩོལ་ནུས་ཤུགས་སྤོ་སྐྱེལ་”སོགས་ལས་གཞི་འདྲ་མིན་བརྒྱུད། གཞི་རྒྱ་ཆེ་བའི་སྒོ་ནས་བོད་ཀྱི་རོང་པ་དང་འབྲོག་པ་རྣམས་གཞིས་སྤོ་དང་ངལ་རྩོལ་བཙན་སྐུལ་བྱེད་བཞིན་པའི་སྐོར་ལ་”ཕྱི་ལོ་ ༢༠༠༠ ནས་ ༢༠༢༥ བར་བོད་མི་ས་ཡ་གསུམ་དང་སུམ་འབུམ་དྲུག་ཁྲི་ལྷག་ལ་སྲིད་གཞུང་གི་ལས་འཆར་དེའི་ཤུགས་རྐྱེན་ཐེབས་ཡོད་”ཅེས་དང་། (ས་གནས་ལ་ལར་) “བཙན་ཤེད་ཀྱི་བྱེད་ཐབས་གདུག་རྩུབ་ཧ་ཅང་ཆེ་བས། བཙན་དབང་གིས་གཞིས་སྤོའམ། འགྲོ་བ་མིའི་རིགས་ལ་རྒོལ་བའི་ཉེས་སྤྱོད་ཆགས་སྲིད་ཅེས་བཀོད་འདུག་པས། བོད་རིགས་མི་འབོར་སྤྱི་བསྡོམས་ཀྱི་ཕྱེད་ཀ་མ་ཟིན་ཙམ་ལ་ཤུགས་རྐྱེན་ཐེབས་ཡོད།
ག རྒྱ་གཞུང་གིས་”བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན།”ཟེར་བའི་སྲིད་ཇུས་ལག་བསྟར་བྱེད་སྟངས་སྐོར་ལ། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྔ་ལོའི་སྙན་ཐོའི་ནང་། “མ་ལག་ལྡན་པའི་གཉའ་གནོན་བྱེད་སྟངས་དེ་རིགས་ནི་རིག་གཞུང་རྩ་གཏོར་གྱི་ངེས་ཚིག་དང་ཡོངས་སུ་མཐུན་ཡོད།”ཅེས་གསལ་ཡོད།
ང དེང་སང་རྒྱ་གཞུང་གིས་སྔར་ལྷག་རྩ་ཁྲིམས་འགྲེལ་ལོག་དང། འཛིན་སྐྱོང་བཀོད་ཁྱབ་དང་དམའ་རིམ་ཁྲིམས་སྲོལ་བརྒྱུད་རྒྱ་ནག་གི་རྩ་ཁྲིམས་དང་། མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ཡིག་བཅས་སུ་མི་རིགས་ཀྱི་ཐོབ་ཐང་འགན་ལེན་བྱས་པ་རྣམས་ཉམས་དམས་སམ། ཕྱིར་བསྡུ་བྱེད་ཐབས་གསར་པ་ཡོངས་ཁྱབ་ཏུ་ལག་བསྟར་བྱེད་བཞིན་ཡོད།
ཅ གོ་ལ་ཧྲིལ་པོའི་ཚ་དྲོད་འཕར་བཞིན་པའི་ཐོག །རྒྱ་གཞུང་གི་སྨྱོ་ཧམ་ཆེ་བའི་གཞི་རིམ་སྒྲིག་བཀོད་འཛུགས་སྐྲུན་དང་། གཞི་རྒྱ་ཆེ་བའི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཁག་གིས་བོད་མཐོ་སྒང་གི་ཚ་དྲོད་འཕར་ཚད་དེ་རྒྱལ་སྤྱིའི་ཆ་སྙོམས་ཚད་གཞི་ལས་ལྡབ་གསུམ་མང་བ་ཆགས་ཡོད་པ་དང་། སྔ་ལོར་འགོ་འཛུགས་ཟིན་པའི་མེ་ཏོག་ཆུ་མཛོད་ལས་གཞི་དང་། རྒྱུགས་ཆུ་ཆེ་འབྲིང་གི་ཆུ་གློག་ལས་གཞི་དང་ཆབས་ཅིག །གཞི་རྒྱ་ཆེ་བའི་རི་ཀླུང་རྣམས་སུ་ཉི་གློག་པང་ལེབ་ཀྱིས་བཏུམས་པས། བོད་ས་མཐོའི་འབྱུང་ཁམས་མ་ལག་ལ་གཏོར་སྐྱོན་ཙམ་དུ་མ་ཟད། གླིང་ཆེན་ཨེ་ཤ་ཡའི་ཆུའི་ཐོན་ཁུངས་བདེ་འཇགས་ལ་ཐད་ཀར་ཉེན་ཁ་བཟོས་དང་བཟོ་བཞིན་ཡོད་ལ། ལས་གཞི་དེ་དག་དང་མཉམ་དུ་རྒྱ་རིགས་ས་ཡ་དུ་མ་བོད་ཁུལ་དུ་གཞིས་ཆགས་རྒྱུ་དང་། ལས་གཞི་དེ་དག་གིས་བཙན་འདེད་བྱས་པའི་བོད་མི་རྣམས་རྒྱ་གཞུང་གིས་བཀོད་སྒྲིག་བྱ་ཡུལ་གསར་པར་མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་ལ་ཉེན་ཁ་དང་། འཚོ་རྟེན་ཕུགས་འཕེར་གྱི་དཀའ་ངལ་སྣེ་འཛིང་ནས་ཡོང་རྒྱུར་ཐེ་ཚོམ་མེད།
ཆ མདོར་བསྡུས་ན། མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ད་ལྟའི་རྒྱ་གུང་ཁྲན་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལ་སྡོམ་ཚིག་གོང་དུ་བཀོད་པ་ལྟར། རྒྱ་གཞུང་གི་བྱ་བྱེད་དེ་རིགས་ནི། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ལོ་ ༡༩༥༡ ཟླ་ ༡ ཚེས་ ༡༢ ཉིན་ལག་བསྟར་འགོ་འཛུགས་བྱས་པའི་”མི་རིགས་རྩ་གཏོར་གྱི་ཉེས་སྤྱོད་སྔོན་འགོག་དང་ཆད་འགེལ་གྲོས་ཆིངས་”དོན་ཚན་གཉིས་པའི་ཆ་རྐྱེན་ཁག་གཞིར་བཟུང་ངོས་འཛིན་གནང་བ་ཞིག་ཡིན་པས། གྲོས་ཆིངས་དོན་ཚན་གསུམ་པའི་ནང་གསེས་ཁག་གཞིར་བཟུང་ཆད་འགེལ་ངེས་པར་བྱེད་དགོས་པ་ཆགས་ཡོད་ཅིང་། རྒྱ་གཞུང་གི་བོད་རིགས་རྩ་མེད་ཀྱི་སྲིད་ཇུས་དེ་རིགས་ལ་དང་ལེན་མི་བྱེད་མཁན་དང་། ངོ་རྒོལ་སྤེལ་མཁན་རྣམས་འཛིན་བཟུང་བཀག་བསྐྱིལ་དང་། བཙོན་འཇུག་གི་ཆད་འགེལ་བྱེད་པ་རྒྱུན་ལྡན་ལྟ་བུ་ཆགས་ཡོད།
ཡིན་ནའང་། རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས། ལོ་ངོ་བརྒྱ་ཕྲག་དུ་མའི་གོང་གི་མི་སེར་སྤེལ་ཡུལ་རིང་ལུགས་པའི་བྱེད་ཐབས་སྤྱད་དེ། བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་མེད་གཏོང་བའི་སྲིད་ཇུས་དེ་ཁུངས་འཁྱོལ་ཐབས་མེད་པ་ནི་རྒྱུ་མཚན་ལྡན་པའི་སྒོ་ནས་སྔོན་དཔག་བྱེད་ཐུབ།
ཨེ་ཤ་ཡའི་ཆུ་མཛོད་ཡིན་པའི་བོད་མཐོ་སྒང་གི་ས་བབ་གལ་གནད་འདིར་རྒྱ་གཞུང་གིས་སྡིག་པ་མིག་བཙུམ་གྱིས་གཏོར་སྐྱོན་གཏོང་བ་དེས་བོད་ཀྱི་རྒྱུགས་ཆུ་ལ་བརྟེན་པའི་མི་འབོར་དུང་ཕྱུར་ཉི་ཤུ་ཙམ་མ་ཡིན་པར། ས་ཆེན་འདིའི་གནམ་གཤིས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་དགོས་པའི་གོ་ལ་ཧྲིལ་པོའི་ཁེ་ཕན་ལ་ཐུག་ཡོད་ཅིང་།
འཕགས་པ་སྤྱན་རས་གཟིགས་ཀྱིས་བསྐལ་པ་དུ་མའི་སྔ་རོལ་ནས་བོད་ཡུལ་གདུལ་བྱར་འཛིན་པའི་ཐུགས་བསྐྱེད་དེ། ཕ་སྤྲེའུ་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་གྱིས་འགྲོ་བ་ཐོག་མར་སྤེལ་ཅིང། བར་དུ་རྒྱལ་བློན་བྱང་ཆུབ་སེམས་དཔའི་རོལ་གར་གྲངས་ལས་འདས་པས་བོད་དང་བོད་མིའི་བདེ་དོན་རྒྱ་ཆེར་བསྐྱངས་དང་སྐྱོང་བཞིན་པ་དང་། བསྐལ་པ་ནམ་གནས་བར་ཕྱག་སྟོང་སྤྱན་སྟོང་གིས་བོད་དང་བོད་མི་བློས་གཏོང་མི་གནང་བའི་གཡར་དམ་བཅས་ཡོད་པས། སྟོང་ལ་ཉེ་བའི་གུང་ཁྲན་རིང་ལུགས་ལ་འཐམ་པའི་རྒྱ་ནག་དམར་གཞུང་གིས་བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་གཏོར་གཏོང་རྒྱུའི་ངན་ཇུས་ལམ་ལྷོང་འགྲོ་ས་ཞིག་ཡེ་ནས་མེད།
བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་པར། རྒྱ་གུང་ཁྲན་གྱིས་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་ཀྱི་གནད་དོན་འདི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་མ་ཡིན་པར། ཐག་ཆོད་མེད་པའི་རྒྱལ་སྤྱིའི་གནད་དོན་ཞིག་ཡིན་པ་ཨ་རི་གཞུང་གིས་གཏན་འབེབས་གསལ་བསྒྲགས་གནང་བའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་གིས་གསལ་འདོན་གནང་ཡོད་པ་དང་། ༸རྒྱལ་བའི་ཡང་སྲིད་སྐོར་ལ་རྒྱ་ནག་གཞུང་གིས་ཆོས་ལུགས་ཀྱི་ལམ་སྲོལ་དང་ཆབ་སྲིད་ཀྱི་བཟང་སྤྱོད་ཡལ་བར་དོར་ཏེ། ཆ་རྐྱེན་གསུམ་ཧམ་སྒྲོག་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁྲིམས་ཡིག་དང་། གྲོས་ཆོད། བསྒྲགས་གཏམ་སོགས་ ༡༣༤ ཙམ་སྤེལ་ཏེ། ངོས་ལེན་མེད་པའི་ལངས་ཕྱོགས་གསལ་སྟོན་གནང་ཡོད་ནའང་། རྒྱ་གཞུང་གིས་མུ་མཐུད་སོ་སོའི་ངན་ཇུས་དེ་རྒྱ་ནག་ནང་དང་བོད་ནང་དྲིལ་བསྒྲགས་དང་། ལས་འགུལ་འདྲ་མིན་སྤེལ་བཞིན་པ་མ་ཟད། རྒྱ་གཞུང་གིས་བསྐོ་འཛུགས་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་དང་བླ་གྲྭ་རེ་ཟུང་བཀོལ་སྤྱོད་བྱས་ཏེ་ཚོགས་འདུ་དང་གཏམ་བཤད་ཀྱི་འཁྲབ་སྟོན་འདྲ་མིན་ཐོན་བཞིན་པ་དེ་རིགས་ད་ལྟ་དང་མ་འོངས་པའི་གནས་སྐབས་གང་དུའང་སུ་གང་གིས་ངོས་ལེན་མེད་ངེས་ཡིན།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་མཛད་ཁུར་བཞི་དང་བཅས་པའི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། ཕོ་བྲང་པོ་ཏ་ལར་༸ཞབས་སོར་འཁོད་དེ་གཞིས་བྱེས་བོད་མི་རྣམས་ཆོས་འབྱོར་བདེ་དགའི་དཔལ་ལ་རོལ་བའི་སྐལ་བཟང་མྱུར་དུ་འཆར་བའི་སྨོན་འདུན་བཅས། བཀའ་ཤག་གིས་བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟ་ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༡༠ ལ། །





