བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོ་སྐབས་ ༡༠ པ་མཇུག་སྒྲིལ།

3 months ago

བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོ་སྐབས་བཅུ་པའི་མཇུག་སྡོམ་མཛད་སྒོ་འདི་བཞིན་དགའ་ལྡན་ཤར་རྩེ་ཆོས་རྭ་ལེགས་བཤད་ཀུན་སྒྲོག་གླིང་དུ་ཚོགས་འདུག དེ་ཡང་དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོ་བྱམས་ཆོས་དང་རིགས་ཚོགས་ཆོས་ཐོག་སྐབས་ ༡༠ པའི་མཇུག་སྡོམ་མཛད་སྒོའི་ཚོགས་མགོན་དུ་དགའ་ལྡན་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་དང་བྱང་རྩེ་མཁན་རིན་པོ་ཆེ་འཇིགས་མེད་ལམ་བཟང་རྣམ་གཉིས། འབྲས་སྤུངས་སྒོ་མང་མཁན་ཟུར་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་བློ་བཟང་རྒྱལ་མཚན་གཙོས་པའི་དགའ་ལྡན་ཚོགས་ཆེན་ཞལ་ངོ་རྣམ་གཉིས། བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོའི་རྒྱུན་ལས་དང་། ཆོས་ཐོག་རྒན་པ་རྣམ་པ། གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་དང་། བཀྲ་ཤིས་ལྷུན་པོ། ར་སྟོད་གྲྭ་ཚང་བཅས་ཀྱི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་འགྲིམ་བཞིན་པའི་བཀའ་རམས་ལོ་རིམ་གཉིས་དང་། སློབ་དཔོན་ལོ་རིམ་གཉིས་ཀྱི་སློབ་གཉེར་བ་ཞལ་གྲངས་ ༨༣༨ བཅས་ལྷན་ཞུགས་གནང་འདུག རྩ་བའི་བྱམས་ཆོས་དང་རིགས་ཚོགས་ཆོས་ཐོག་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་འོག་ཕྱི་ལོ་ ༢༠༡༧ ནས་འགོ་འཛུགས་གནང་བ་ཞིག་ཡིན་པ་དང་། ད་རེས་ཆོས་ཐོག་དགའ་ལྡན་བླ་སྤྱི་དང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཐུན་མོང་གི་གོ་སྒྲིག་འོག་གདན་ས་ཆེན་པོ་དགའ་ལྡན་དུ་ཕྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༢༠ ཉིན་ནས་དབུ་འཛུགས་གནང་ཡོད་པ་རེད། མཛད་སྒོ་གྲུབ་མཚམས་བློ་བཟང་རྒྱལ་བསྟན་མ་དང་། ལམ་རིམ་སྨོན་ལམ། བསྟན་འབར་མ་སོགས་གསུངས་ཏེ། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་། བསྟན་པ་རྒྱས་ཤིང་འགྲོ་ཀུན་བདེ་བ། འཛམ་གླིང་ནང་དམག་འཁྲུག་སོགས་ཞི་བ། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། འགྲོ་ཀུན་བླ་མེད་རྫོགས་བྱང་འཐོབ་པའི་སྔོ་སྨོན་རྒྱ་ཆེར་ཞུས་འདུག ལྷག་པར་འདི་ཚེས་ ༡༤ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་ཐོག་གི་ལས་སྡོམ་དང་དམ་བཅའ་ཁག་གཟིགས་འབུལ་ཞུས་པར་མགོན་པོ་༸གང་ཉིད་མཆོག་ཐུགས་དགྱེས་དང་སྦྲགས། ཐུགས་སྨོན་མཚམས་སྦྱོར་རྒྱ་ཆེར་མཛད་ཡོད་པ་རེད། གཞི་རྩའི་འདི་ཚེས་ ༡༦ ཉིན་དགའ་ལྡན་ཤར་རྩེ་ཆོས་རྭའི་ནང་དུ་མདོ་སྡེ་རྒྱན་དང་རྩ་ཤེས་བགྲོ་གླེང་ཚོགས་ཡོད་པ་དང་། ཚེས་ ༡༧ ཉིན་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་དེ་མཚུངས་ཀྱི་བགྲོ་གླེང་ཚོགས་འདུག

The post བྱམས་ཆོས་དང་རིགས་ཚོགས་དགུན་ཆོས་ཆེན་མོ་སྐབས་ ༡༠ པ་མཇུག་སྒྲིལ། appeared first on vot.

Original Article