སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་གི་དགོན་བདག་དང་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ། མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ད་བར་ཟླ་བ་བཞི་ལྷག་ཙམ་འགྲོ་བཞིན་ཡོད་པའི་ཁྲོད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རིན་པོ་ཆེ་མཆོག་གི་གནས་སྟངས་ཐད་ཐུགས་འཚབ་དང་འབྲེལ། རྒྱ་ནག་གཞུང་ལ་ཁོང་གི་གནས་ཡུལ་ར་སྤྲོད་བྱེད་པའི་ཁྲིམས་མཐུན་དཔང་རྟགས་བཏོན་དགོས་པ་མ་ཟད། རྒྱལ་སྤྱིའི་ངོས་འཛིན་ཡོད་པའི་ནག་ཉེས་བསགས་པའི་དཔང་རྟགས་ཡིད་རྟོན་འཕེར་བ་ཞིག་བཏོན་རྒྱུ་ཡོད་ན་མ་གཏོགས་ཁོང་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་ཞུ་སྐུལ་གནང་འདུག མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་ནི་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ་དང་། སྨིན་ཐང་དགོན་འོད་གསལ་ཐེག་མཆོག་གླིང་གི་དགོན་བདག་ཙམ་མ་ཟད། བཙུན་དགོན་སྐུ་གསུམ་མཁའ་འགྲོའི་འདུ་གླིང་གི་དགོན་བདག་དང་དམངས་གཙོ་དོ་དམ་ཁང་གི་འགན་འཛིན། ཤར་བླ་རུང་ཉམས་རྟོགས་རང་ཤར་གླིང་གི་གླིང་གཙོ། གཅིག་སྒྲིལ་རྫོང་སྲིད་གྲོས་ཀྱི་འགན་འཛིན་གཞོན་པ། མཚོ་སྔོན་ཞིང་ཆེན་གཉན་པོ་གཡུ་རྩེ་དགེ་ལས་ཐེབས་རྩ་ཚོགས་པའི་ཚོགས་གཙོ་སོགས་ཡིན་པ་རེད། འདི་ག་རླུང་འཕྲིན་ཁང་གིས་དེ་སྔ་སྤེལ་བའི་གནས་ཚུལ་ལ་གཞིགས་ན། སྔ་ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༤ ཉིན་རྒྱ་ནག་གི་གསང་བའི་ལས་བྱེད་ཀྱིས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གློ་བུར་དུ་འཛིན་བཟུང་བྱས་པ་དང་། འབྲེལ་ཡོད་ཁྱིམ་བདག་དང་གཉེན་ཉེ་འགའ་ཞིག་ནས་ཉེན་རྟོག་ལས་ཁུངས་དང་ལས་ཁུངས་ཁ་ཤས་ལ་གནས་ཚུལ་ཤེས་རྟོགས་སླད་འབྲེལ་བ་བྱས་ཀྱང་། ཁོང་རྣམ་པར་ཁ་གསལ་གྱི་ལན་ཅི་ཡང་སྤྲད་མེད་པ་མ་ཟད། ཁྱིམ་བདག་དང་ཐུག་འཕྲད་བྱེད་མི་ཆོག་པའི་ཉེན་བརྡ་ཡང་བཏང་ཡོདཔ་རེད། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཟླ་བ་འདིའི་ཚེས་ ༢༠ ཉིན་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ Wu Xiaojun ཞུ་བའི་མིང་ཐོག་ཞུ་ཡིག་ཞིག་བཏང་བའི་ནང་། འདི་ལོའི་ཕྱི་ཟླ་ ༡ པོའི་ནང་ས་གནས་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚོས་མཆོག་སྤྲུལ་མཆོག་གི་ནག་ཉེས་ཞིབ་བཤེར་བྱེད་བཞིན་ཡོད་པའི་བརྡ་ལན་ཐོབ་པ་མ་གཏོགས་ཁོང་ལ་རང་ཉིད་ཀྱི་འདོད་མོས་བཞིན་ཁྲིམས་རྩོད་པ་གླ་རྒྱུའི་ཐོབ་ཐང་བྱུང་ཡོད་མེད་གསལ་པོ་མི་འདུག་ཅེས་གསུངས་བ་དང་འབྲེལ། མཆོག་སྤྲུལ་རྡོ་རྗེ་བརྟན་རིན་པོ་ཆེ་མཆོག་བཀག་ཉར་བྱས་ནས་ཟླ་བ་མང་པོ་ཕྱིན་རྗེས་ཁོང་གི་གནས་ཡུལ་དང་ཁྲིམས་མཐུན་གནས་བབ་ད་དུང་ཡང་མི་ཤེས་པ་ནི་ཧ་ཅང་སེམས་འཚབ་སྐྱེ་གཞི་ཞིག་རེད་ཅེས་དང་། གསང་བའི་འཛིན་བཟུང་དེ་ལྟ་བུའི་འོག་དོ་དག་ལ་མནར་གཅོད་དང་གཞན་གྱི་བྱ་སྤྱོད་ངན་པ་གཏོང་བའི་ཉེན་ཁ་ཆེ་རུ་གཏོང་གི་ཡོད་པ་དང་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ལུགས་དང་ཡོངས་སུ་མི་མཐུན་པ་ཞིག་རེད་ཅེས་གསུངས་འདུག ཚོགས་པའི་ངོས་ནས་ད་དུང་དོན་རྐྱེན་དེ་ཤེས་མཁན་མི་སྣ་ཚོར་ས་གནས་དབང་འཛིན་པ་ཚོས་ཐད་ཀར་བཀའ་བཏང་ནས་དོན་རྐྱེན་དེ་ཕྱིར་བསྒྲགས་མི་བྱེད་པའི་ཉེན་བརྡ་བཏང་ཡོད་པ་ཤེས་རྟོགས་བྱུང་བ་ནི་ཧ་ཅང་བློ་འཚབ་སྐྱེ་གཞི་རེད་ཅེས་དང་། འདིས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་འཇིགས་སྐུལ་དང་བྱེད་ཐབས་གཞན་པ་བརྒྱུད་ནས་གནས་ཚུལ་ལ་ཚོད་འཛིན་བྱེད་པ་དང་ཕྱི་ཕྱོགས་ཀྱི་སྙན་ཞུ་འགོག་ཐབས་བྱེད་པའི་གཞུང་གི་རྒྱབ་སྐྱོར་ཡོད་པའི་འབད་བརྩོན་མཚོན་གྱི་ཡོད་ཅེས་གསུངས་འདུག རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ད་དུང་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ Wu Xiaojun ལ་ཁྲིམས་མཐུན་དཔང་རྟགས་དང་བཅས་རིན་པོ་ཆེ་མཆོག་གར་ཡོད་གསལ་བཤད་དགོས་པ་མ་ཟད། རིན་པོ་ཆེ་མཆོག་གིས་རྒྱལ་སྤྱིའི་ངོས་འཛིན་ཡོད་པའི་ནག་ཉེས་བསགས་པའི་དཔང་རྟགས་ཡིད་རྟོན་འཕེར་བ་ཞིག་བཏོན་རྒྱུ་ཡོད་ན་མ་གཏོགས་ཁོང་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་ཞུ་སྐུལ་གནང་བ་དང་། གཞན་ཡང་རིན་པོ་ཆེ་མཆོག་གློད་བཀྲོལ་མ་བྱུང་བར་དུ་མནར་གཅོད་དང་གདུག་རྩུབ་གཞན་ལས་སྲུང་སྐྱོབ་བྱེད་དགོས་པ་དང་། ཁྲིམས་རྩོད་པ་འདེམས་པའི་ཐོབ་ཐང་དང་ཁོང་གི་ནང་མི་དང་འབྲེལ་བ་བྱེད་པའི་གོ་སྐབས་མྱུར་དུ་སྤྲོད་དགོས་པ། ལྷག་པར་སྐུ་ཉིད་ཀྱི་གི་ནང་མི་དང་། ཉེ་འབྲེལ། དེ་བཞིན་ཁོང་གི་གནས་ཚུལ་ཤེས་རྟོགས་བྱེད་མཁན་གཞན་ལ་འཇིགས་སྐུལ་དང་དམ་དྲག་བྱེད་མཚམས་འཇོག་དགོས་ཅེས་དགོས་འདུན་བཏོན་འདུག
The post མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གར་ཡོད་གསལ་བཤད་དང་འབྲེལ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་གསུངས་འདུག appeared first on vot.




