རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་འཚོགས་པའི་འདི་ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་མཐའ་མ་དེ་ལྷ་ས་རུ་ཁག་དང་། མོན་གྷོ་འདོད་རྒུ་གླིང་རུ་ཁག་གཉིས་བར་གནང་ནས་མཐའ་མའི་རྒྱལ་ཁ་མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ཐོབ་འདུག་པ་དང་། དེ་ནི་རུ་ཁག་དེར་གསེར་གྱི་བུམ་པ་ལོ་གསུམ་བསྟུད་མར་རྒྱལ་ཁ་ཐོབ་པ་ཞིག་ཆགས་ཀྱི་ཡོད་པ་རེད་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༦ ཉིན་ནས་འགོ་འཛུགས་ཀྱིས་འདི་ཚེས་ ༡༦ བར་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ཀྱི་རྩེད་ཐང་དུ། ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་ ༣༡ པ་དེ་བཞིན་གོ་སྒྲིག་གནང་ཡོད་ཅིང་། རྩེད་འགྲན་ཐོག་རྒྱ་གར་རྒྱལ་ཡོངས་ནས་རུ་ཁག་ཁྱོན་ ༡༢ མཉམ་ཞུགས་ཐོག ཁ་སང་ཚེས་ ༡༧ གྱི་ཕྱི་དྲོ་ཆེས་མཐའ་མའི་རྩེད་འགྲན་དེ་ཉིད་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་ལྷ་ས་རྐང་སྤོལ་རུ་ཁག་གཉིས་བར་གནང་བའི་ཁྲོད། མོན་གྷོ་འདོད་རྒུ་གླིང་རུ་ཁག་གིས་སྤོ་ལོ་གཅིག་བླུགས་ནས་རྒྱལ་ཁ་བླངས་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་མོན་གྷོ་འདོད་རྒུ་གླིང་རུ་ཁག་གི་རུ་དཔོན་ངག་དབང་བདེ་ཆེན་ལགས་སུ་རྒྱལ་ཁ་ཐོབ་པའི་ཚོར་སྣང་དང་དེ་ཡང་ལྷག་པར་ལོ་གསུམ་བསྟུད་མར་རྒྱལ་ཁ་ཐོབ་པའི་ཐད་བཀའ་འདྲི་ཞུ་སྐབས་ཁོང་གིས། ཐེངས་འདིར་ཡང་རང་ཉིད་ཀྱི་རུ་ཁག་ལ་རྒྱལ་ཁ་ཐོབ་པར་བརྗོད་མི་ཐུབ་པའི་དགའ་ཚོར་ཞིག་ཡོད་པ་གསུངས་ཏེ། ལོ་གསུམ་བསྟུད་མར་རྒྱལ་ཁ་ཐོབ་པ་དེ་ནི་རུ་ཁག་དེའི་ནང་དམིགས་བསལ་རྩེད་འགྲན་ཡག་པ་སོགས་ཡོད་པས་མ་ཡིན་པར། རུ་ཁག་ནང་ཁུལ་གྱི་ཆིག་སྒྲིལ་གྱི་ནུས་པ་ཁོ་ན་ལ་བརྟེན་པ་ཞིག་ཡིན་པ་འགྲེལ་བརྗོད་ཀྱིས། གཞིས་ཆགས་ཀྱི་གཞིས་མི་རྣམས་ནས་ཀྱང་རྒྱབ་སྐྱོར་ཧ་ཅང་ཡག་པོ་གནང་ཡོད་སྐོར་འགྲེལ་བརྗོད་གནང་སོང་། དེ་བཞིན་ཐེངས་འདིའི་རྩེད་འགྲན་ཐོག་ཨང་རིམ་གཉིས་པར་སོན་མཁན་ལྷ་སའི་རུ་ཁག་གིས་རུ་དཔོན་བསྟན་འཛིན་ངག་དབང་ལགས་ཀྱིས། ཐེངས་འདིའི་རྩེད་འགྲན་ཐོག་ལྷ་ས་རུ་ཁག་ནས་མང་ཚོགས་ལ་བཟང་སྤྱོད་ཀྱི་དམིགས་དཔེ་བཟང་པོ་ཞིག་སྟོན་ཆེད་དང་། ཟླ་བ་གཅིག་ལྷག་གི་རིང་རྩེད་འགྲན་དེའི་ཆེད་དཀའ་ལས་མང་དག་ཅིག་བརྒྱབ་ཡིན་པ་དང་འབྲེལ་རྒྱལ་ཁ་ཐོབ་རྒྱུ་བཅས་དམིགས་ཡུལ་ཆེན་པོ་གཉིས་བཅངས་པའི་ཐོག་ནས་མཉམ་ཞུགས་གནང་ཡིན་པ་དང་། རྩེད་འགྲན་སྐབས་རུ་ཁག་ནང་གི་རྩེད་འགྲན་པ་ཡོངས་ནས་གང་ཐུབ་ཅི་ཐུབ་གནང་ཡང་རྒྱལ་ཁ་ཐོབ་ཐུབ་མེད་པ་དེ་ལྟར་ཡང་། འགྱོད་པ་དང་། བློ་ཕམ་སོགས་ཧ་ཅང་བྱུང་མེད་པ་འགྲེལ་བརྗོད་གནང་སོང་། རྩ་བའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་འདི་བཞིན་ཕྱི་ལོ་ ༡༩༨༡ ལོར་ཐོག་མ་འགོ་འཛུགས་གནང་བ་ཞིག་ཡིན་པ་དང་། ད་བར་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་ ༣༠ གནང་བའི་ཁྲོད། མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ཕྱི་ལོ་ ༢༠༡༥ དང་། ༢༠༡༨ ༢༠༡༩ བཅས་རྒྱལ་ཁ་ཐོབ་མྱོང་ཡོད་པ་མ་ཟད། ༢༠༢༤ དང་ ༢༠༢༥ ལ་ཡང་རྒྱལ་ཁ་ཐོབ་མྱོང་ཡོད་པ་རེད་འདུག འདི་ལོའི་༸རྒྱལ་ཡུམ་ཆེན་མོ་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ནང་། ཤ་བ་རྐང་སྤོལ་རུ་ཁག་དང་། ལྷ་ས་རྐང་སྤོལ་རུ་ཁག མེའོ་ཆོས་འཕེལ་གླིང་རྐང་སྤོལ་རུ་ཁག་སོགས་བོད་པའི་རྐང་སྤོལ་རུ་ཁག་ ༡༢ ནས་མཉམ་ཞུགས་གནང་ཡོད་པ་དང་། ཐེངས་འདིའི་རྩེད་འགྲན་ཁྲོད། མོན་གྷོ་རུ་ཁག་གི་རྩེད་འགྲན་པ་ཀརྨ་ཤེས་རབ་ལགས་སུ་རྩེད་འགྲན་པ་ལེགས་ཤོས་ཀྱི་གཟེངས་རྟགས་ཐོབ་ཅིང་། ཤ་བ་རྐང་སྤོལ་རུ་ཁག་གི་རྩེད་འགྲན་པ་བསྟན་འཛིན་ཡོན་ཏན་ལགས་ལ་སྤོ་ལོ་མང་ཤོས་བླུགས་མཁན་གྱི་བྱ་དགའ་ཐོབ་པ་མ་ཟད། ལྷ་ས་རྐང་སྤོལ་རུ་ཁག་གི་སྒོ་ར་བ་བསྟན་འཛིན་ངག་དབང་ལགས་སུ་སྒོ་ར་བ་ཡག་ཤོས་ཀྱི་བྱ་དགའ་ཐོབ་འདུག
The post མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པ་ལོ་གསུམ་བསྟུད་མར་ཐོབ་པ། appeared first on vot.





