ཚོགས་པ་གསུམ་གྱི་བརྟན་བཞུགས།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༣ ཚེས་ ༢༥ རེས་གཟའ་ལྷག་པའི་ཉིན། དབུས་གཙང་ཆོལ་ཁ་དང་། རྫ་ཆུ་ཁ་པ་སྐྱིད་སྡུག སྐྱིད་གྲོང་སྐྱིད་སྡུག་བཅས་ཚོགས་པ་གསུམ་ཐུན་མོང་གིས་བྱམས་བརྩེའི་ལོ་སྲུང་བརྩི་དང་སྦྲགས། ༧གོང་ས་མཆོག་ལ་གླིང་མཆོག་སྤྲུལ་རིན་པོ་ཆེས་རྡོ་རྗེ་སློབ་དཔོན་མཛད་གནང་གིས། སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་།
དེ་དང་ཕྱོགས་མཚུངས་ཐེངས་འདིའི་བརྟན་བཞུགས་ཀྱི་གོ་སྐབས་དང་བསྟུན། དབུས་གཙང་ཆོལ་ཁའི་ངོས་ནས་བོད་ཀྱི་རྣལ་འབྱོར་མི་ལ་རས་པའི་རིང་བསྲེལ་ཞིག་དང་། བྱེ་བྲག་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་མཛད་རྗེས་དང་དགོངས་བཞེད་མཚོན་ཕྱིར། འཇིག་རྟེན་ཀུན་ཁྱབ་ཀྱི་གཟེངས་རྟགས་ཞེས་པ་ཞིག རྫ་ཆུ་ཁ་པ་སྐྱིད་སྡུག་གི་ངོས་ནས་ནོར་བུ་པདྨ་ཅན་གྱི་གཟེངས་རྟགས་ཞེས་པ་ཞིག་ཀྱང་འབུལ་ལམ་ཞུས་གནང་སོང་།





