ཉེ་ཆར་རྒྱ་ནག་གི་ཐེ་ཝན་ཉེ་འགྲམ་དུ་དམག་གི་སྦྱོང་བརྡར་ཤུགས་ཆེ་ཞིག་མཇུག་སྒྲིལ་བྱས་པའི་ཉིན་གཅིག་རྗེས། ཁ་ཉིན་སྲིད་འཛིན་ཞི་ཅིན་ཕིང་གིས་སྤྱི་ལོ་གསར་པའི་གཏམ་བཤད་ནང་དུ། ཐེ་ཝན་རྒྱ་ནག་ལྷན་དུ་ཟླ་སྒྲིལ་གཏང་རྒྱུ་དེ་ནི་ལྡོག་ཏུ་མི་ཐུབ་པའི་དུས་རབས་ཀྱི་འགྲོ་ལུགས་ཤིག་ཡིན་སྐོར་དང་འབྲེལ། ངེས་པར་དུ་ཟླ་སྒྲིལ་གཏང་རྒྱུ་ཡིན་པ་སོགས་བརྗོད་འདུག
དེ་ཡང་ཁ་སང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ཐོག་ལ་སྲིད་འཛིན་ཞི་ཅིན་ཕིང་གི་སྤྱི་ལོ་གསར་པའི་གཏམ་བཤད་ཡོང་བསྒྲགས་བྱས་པའི་ནང་དུ། རྒྱ་ནག་དང་ཐེ་ཝན་གྱི་རྒྱ་རིགས་མང་ཚོགས་གཉིས་དབར་ཁྲག་དང་སྤུན་ཉེ་འབྲེལ་གྱི་འབྲེལ་བ་ཤུགས་ཆེ་ཞིག་ཡོད་སྐོར་དང་འབྲེལ། ཐེ་ཝན་རྒྱ་ནག་ལྷན་དུ་ཟླ་སྒྲིལ་བཏང་སྟེ་མེ་རྒྱལ་གོང་བུ་གཅིག་ཏུ་སྒྲིལ་རྒྱུ་དེ་ནི་དུས་རབས་ཀྱི་འགྲོ་ལུགས་གཅིག་དང་བཀག་མི་ཐུབ་པའི་གནད་དོན་ཞིག་རེད་ཅེས་བརྗོད་དེ་ཐེ་ཝན་བཙན་བཟུང་གིས་རྒྱ་ནག་གི་ལྷན་དུ་ཟླ་སྒྲིལ་གཏང་རྒྱུའི་བརྡ་ལན་བསྐྱར་ནན་བྱས་འདུག
མ་ཟད་བདུན་ཕྲག་འདིའི་རེས་གཟའ་མིག་དམར་དང་ལྷག་པ་གཉིས་ལ་རྒྱ་ནག་དམག་གིས་ Justice Mission 2025 ཞེས་ཐེ་ཝན་མཚོ་གླིང་གི་ཉེ་འགྲམ་དུ་འཐབ་འཛིང་གནམ་གྲུ་ ༢༠༠ ལྷག་དང་མེ་ཤུགས་འཕུར་མདའ། མི་མེད་གནམ་གྲུ་བཏང་བ་སོགས་ཀྱི་དམག་གི་སྦྱོང་བརྡར་བྱས་པའི་བརྒྱུད་ནས་ཐེ་ཝན་ལ་འཇིགས་སྐུལ་དང་། ཐེ་ཝན་རང་བཙན་རྩོད་རྒྱུའི་བསམ་བློ་འཁྱེར་མཁན་རྣམས་ལ་ཉེན་བརྡ་ཤུགས་ཆེན་པོ་ཞིག་བཏང་ཡོད་འདུག དེ་དོན་ཁ་ཉིན་ཐེ་ཝན་སྲིད་འཛིན་ Lai Ching-te ཡི་སྤྱི་ལོ་གསར་པའི་གཏམ་བཤད་ཁྲོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་ཐེ་ཝན་མང་ཚོགས་ལ་སོ་སོའི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་ནུས་པ་ཡོད་མིན་བལྟས་ནས་བསྡད་ཡོད་སྐོར་དང་འབྲེལ། ཐེ་ཝན་མང་ཚོགས་དང་ལྷག་པར་དུ་ཡུལ་དེའི་ཕྱོགས་འགལ་ཚོགས་པ་རྣམས་ལ་ཨ་སྒོར་ཐེར་འབུམ་ ༤༠ ཙམ་གྱི་ཐེ་ཝན་གྱི་རྒྱལ་སྲུང་འགྲོ་གྲོན་ལ་རྒྱབ་སྐྱོར་གནང་དགོས་པའི་སྐུལ་འདེབས་གནང་བ་མ་ཟད། ཡོང་རྒྱུའི་ཕྱི་ལོ་ ༢༠༢༦ དེ་ནི་ཐེ་ཝན་ལ་གནད་འགག་ཆེན་པོ་ཆགས་ཀྱི་ཡོད་སྟབས། ང་ཚོའི་སྡུག་ས་ནས་གྲ་སྒྲིག་དང་ཡག་ས་ནས་རེ་བ་རྒྱག་དགོས་པ་གསུངས་འདུག
སྲིད་འཛིན་ཞི་ཅིན་ཕིང་གི་གཏམ་བཤད་ནང་ལྷག་པར་དུ་སྤྱི་ལོ་ ༢༠༢༥ མཇུག་སྒྲིལ་བ་དང་སྦྲགས་ནས་རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༤ པ་དེ་ཡང་མཇུག་སྒྲིལ་མཚམས་སུ་སླེབས་ཡོད་སྐོར་དང་འབྲེལ། འདས་པའི་ལོ་ལྔའི་ནང་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་དང་མཚན་རིག་དང་འཕྲུལ་ལས་ནུས་ཤུགས། དེ་བཞིན་རྒྱལ་སྲུང་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་སྔར་ལས་ལྷག་པའི་ཚད་གཞིར་སླེབས་ཡོད་སྐོར་དང་། རྒྱལ་སྤྱིའི་གཞུང་ཚོགས་ཁག་དང་ཁོར་ཡུག་ཉམས་ཞིབ་པ་རྣམས་ཀྱིས་མངོན་གསལ་དོད་པོའི་ཐོག་སེམས་འཚབ་འགྲེལ་བརྗོད་གནང་བཞིན་པའི་བོད་ཀྱི་ཡར་ཀླུངས་གཙང་པོའི་སྟེང་ཨ་སྒོར་ཐེར་འབུམ་ ༡༧༠ ཙམ་གྱི་འགྲོ་གྲོན་གནས་པའི་འཛམ་གླིང་ནང་གི་ཆུ་མཛོད་ཆེ་ཤོས་གསར་རྒྱག་གི་ལས་གཞི་འགོ་བཙུགས་ཟིན་པ་བརྗོད་འདུག
རྩ་བའི་དབྱེ་ཞིབ་པ་རྣམས་ཀྱི་གསུངས་ན། རྒྱ་ནག་གི་བོད་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེ་དག་གི་བོད་ནང་ཆུ་ལོག་དང་ས་འགུལ། གནམ་ཤིས་འགྱུར་ལྡོག་ལ་དོ་ཕོག ལྷག་པར་དུ་ས་གནས་མང་ཚོགས་བཙན་སྤོ་སོགས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་གཞི་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་གར་དང་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཀྱི་ནང་དུའང་ཆུ་ལོག་སོགས་ཀྱི་རྒྱུ་རྐྱེན་ཆགས་པ་མ་ཟད། མ་འོངས་རྒྱལ་ཁབ་ཕྱོགས་ཕན་ཚུན་དབར་རྩོད་རྙོག་བྱུང་བའི་སྐབས་སུ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བཏང་བའི་ཉེན་ཁ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་གསལ་སྟོན་གནང་ཡོད་པ་རེད།
དེ་བཞིན་ཐེངས་འདིའི་གཏམ་བཤད་ཁྲོད་ཞི་ཅིན་ཕིང་གིས་དམར་ཤོག་ཚོགས་པ་ས་བརྟན་ཡོད་པ་གཅིག་པོས་རྒྱ་ནག་དེ་སྟོབས་ཤུགས་ཅན་ཞིག་བཟོ་ཐུབ་རྒྱུ་ཡིན་སྐོར་དང་འབྲེལ། ཁོང་ཚོས་སློབ་གསོ་དང་ལྐོག་ཟས་ལ་རྡུང་རྡེག་སོགས་ཀྱི་བཅོས་བསྒྱུར་གྱི་ཐོག་ནས་དམར་ཤོག་ཚོགས་པའི་འགྲོ་ལུགས་དང་གཞུང་འཛིན་ཡར་རྒྱས་བཏང་ཡོད་ལུགས་སོགས་ཀྱང་བརྗོད་འདུག
ཐེངས་འདིའི་གཏམ་བཤད་ནང་ཞི་ཅིན་ཕིང་གིས་འདས་ལོར་བོད་དང་ཤིན་ཅང་ནང་དུ་བསྐྱོད་པའི་སྐོར་དང་འབྲེལ། ས་ཁུལ་དེ་དག་ནང་དུ་མང་ཚོགས་རྣམས་བདེ་སྐྱིད་ཀྱི་ཚོར་བར་རོལ་བཞིན་ཡོད་པ་དང་། རྒྱལ་ཁབ་ལ་དགའ་ཞེན་གྱི་བློ་ཤུགས་ཆེ་ཡོད་ཚུལ་སོགས་རྒྱུན་ལྡན་གྱི་འཁྱོག་བརྗོད་ཀྱང་བྱས་འདུག
འདི་གའི་གསར་འགོད་པའི་སུད་སི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དང་རྒྱ་ནག་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་སུ་བཀའ་འདྲི་ཞུ་སྐབས། ཞི་ཅིན་ཕིང་གིས་རྒྱུན་ལྡན་བཞིན་རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་གཏམ་བཤད་རང་སྤེལ་ཡོད་པ་དང་གནད་དོན་དེ་དག་ཁྲོད་བོད་མིའི་ངོས་ནས་བོད་ཀྱི་བདེན་དོན་གྱི་གོ་རྟོགས་སྤེལ་རྒྱུ་དེ་བས་གལ་ཆེ་བ་ཡིན་སྐོར་སོགས་གསུངས་སོང་།





