།[དྷ་རམ་ས་ལ།] ཕྱི་ལོ་༢༠༢༦ ཟླ་༤ ཚེས་༢༣ ཉིན། དབུས་འོས་བསྡུ་ལས་ཁང་ནས་བལ་ཡུལ་མཆོད་འཇོར་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ལ་བཀོད་ཁྱབ་ཅིག་བཏང་སྟེ། འདི་ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་སྒྲིག་འགལ་གྱི་གནད་དོན་མང་དག་ཅིག་ར་འཕྲོད་བྱུང་བར་བརྟེན། མཆོད་འཇོར་ས་གནས་ཀྱི་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་བྱེད་རྒྱུའི་ཐག་གཅོད་གནང་ཡོད།
པར། བོད་ཀྱི་བང་ཆེན། ཕྱི་ལོ་༢༠༢༦།༡།༢༨ ཉིན་བླངས།
གནད་དོན་གྱི་བྱུང་རིམ་ནི། དབུས་འོས་བསྡུ་ལས་ཁང་གིས་བཏང་བའི་བཀོད་ཁྱབ་ཡི་གེའི་ནང་། བལ་ཡུལ་ནང་གི་ཆབ་སྲིད་གནས་བབས་དཀའ་ངལ་ལ་གཞིགས་ཏེ། དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུའི་དུས་ཚོད་སྔ་སྣུར་ཆོག་པའི་བཀའ་འཁྲོལ་བསྩལ་བ་ལས། གཞན་འོས་བསྡུའི་ལས་དོན་ཡོངས་རྫོགས་སྔར་ལམ་ལྟར་ས་གནས་ཀྱི་ཆབ་སྲིད་གནས་བབས་དང་བསྟུན་འོས་སྒྲིག་ལྟར་ཕྱག་བསྟར་གནང་དགོས་པའི་ལམ་སྟོན་ཞུས་ཡོད་ན་ཡང་།དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་ཤོག་གྲངས་བཤེར་སྐབས། ཟུར་དཔང་དུ་སྤྱི་འཐུས་རྒྱུན་ལས་ཁག་ཅིག་ནས་བལ་ཡུལ་དུ་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་སྒྲིག་མཐུན་བྱུང་མེད་ལུགས་སྐོར་སྙན་སེང་ཞུས་པ་དང་། དེ་བཞིན་གནད་ཡོད་མི་སྣ་ཁག་ཅིག་དང་། གསར་འགོད་པ་སོགས་མང་ཚོགས་ནས་བལ་ཡུལ་ནང་སྔོན་འགྲོའི་འོས་བསྡུ་སྒྲིག་མཐུན་བྱུང་མེད་ལུགས་སྐོར་ཡིག་ངག་གཉིས་ཐོག་སྙན་སེང་བྱུང་བར་བརྟེན། དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༥༡ དང་ ༦༨(༢) དགོངས་དོན་ལྟར་ཞིབ་འཇུག་མཐིལ་ཕྱིན་གནང་བའི་འབྲས་བུར། གཤམ་གསལ་སྒྲིག་འགལ་གྱི་གནད་དོན་ཁག་ར་འཕྲོད་བྱུང་ཡོད་འདུག།༡ སྤྱིར་བཅའ་སྒྲིག་དགོངས་དོན་ལྟར་བོད་མི་འོས་འཕེན་པ་ཞིག་ལ་སོ་སོའི་ཐོབ་ཁོངས་ནས་འོས་གཅིག་གི་ཐོབ་ཐང་ལས་མེད་ནའང་། བལ་ཡུལ་མཆོད་འཇོར་ས་གནས་སུ་འོས་འཕེན་པ་གཅིག་གིས་འོས་ཤོག་གཅིག་ལས་མང་བ་འཕེན་པའམ། ཡིག་གཟུགས་གཅིག་གི་འོས་ཤོག་མང་པོར་བྲིས་པ་མང་དག་ཅིག་མངོན་གསལ་འདུག་པ་འོས་སྒྲིག་འགལ་འཛོལ་ཚབས་ཆེ་བྱུང་བ་དཔེར་ན། འོས་འཕེན་པ་ཁག་ཅིག་ནས་འོས་ཤོག་༡༠ དང་། ༢༠། ༤༠། ༧༠། ༡༠༠ ཡན་བརྒལ་བ་བྲིས་མཁན་མང་དག་ཅིག་བྱུང་བ།༢ འོས་མིའི་ཨང་རིམ་དང་མིང་གཞུང་གཅིག་གྱུར་ལེབ་བཤུས་བརྒྱབ་པའི་ཡིག་གཟུགས་གཅིག་པའི་འོས་ཤོག་མང་དག་ཁ་གསལ་མཐོང་རྒྱུ་འདུག་པ་ནི་ཚབས་ཆེའི་སྒྲིག་འགལ་ཆགས་ཡོད་པ།༣ འོས་བསྡུའི་དུས་ཡུན་ཉིན་གཅིག་དེ་རང་ལ་ཟིན་དགོས་ཀྱང་། དེ་ནས་ཁྱིམ་ཚང་སོ་སོ་དང་ཚོགས་སྡེ་ཁག་ལ་འོས་ཤོག་འགྲེམས་སྤེལ་བྱས་པའི་ཐོག འོས་ཤོག་ཕྱིར་བསྡུ་ཉིན་འགྱངས་ཀྱིས་བསྡུ་ལེན་བྱས་པའི་སྒྲིག་འགལ་བྱུང་བ།༤ དེ་གའི་ས་གནས་ཁག་ཅིག་ལ་ཚོགས་ཆུང་གི་ཚོགས་མི་གཅིག་རང་བརྒྱུད་འགྱིག་ཤོག་འཁྱེར་ཏེ་འོས་ཤོག་བགོས་འགྲེམས་དང་བསྡུ་ལེན་བྱས་རིགས་བྱུང་ཡོད་ཚོད་འདུག་པ།༥ འོས་ཤོག་ཁག་ཅིག་སྟེང་འོས་མིའི་མིང་ཙམ་ལས་གཞན་འབྲུ་དོན་ཆ་ཚང་བཀོད་མེད་པར་འོས་མི་ངོ་རྟགས་ཆོད་པའི་ཁུངས་སྐྱེལ་ཁ་གསལ་མེད་པ་དང་། འོས་མིའི་མིང་དང་ལོ་རྒྱུས་མ་མཐུན་པ་བཀོད་རིགས་ཁག་གཅིག་རྩིས་འགྲོ་བཏང་བ་ཡང་བྱུང་ཡོད་པ་ནི། འོས་བསྡུའི་སྒྲིག་གཞི་དོན་ཚན་༣༤༼༢།ཅ༽ ནང་དོན་སྔོན་འགྲོའི་སྐབས་འོས་མིའི་ངོ་རྟགས་ཆོད་པའི་ཁུངས་སྐྱེལ་ཁ་གསལ་མེད་ན་འོས་ཤོག་རྩིས་མེད་གཏོང་རྒྱུ་ཞེས་པའི་དགོངས་དོན་དང་འགལ་འཛོལ་བྱུང་བ།༦ འོས་ཤོག་གཅིག་གི་སྟེང་ཡིག་གཟུགས་མི་འདྲ་བའི་མི་གཉིས་ནས་འོས་ཤོག་བཀང་པ་གང་ཙམ་བྱུང་བ།༧ དེ་ནས་ཨ་རི་ནས་ཡིན་པའི་འོས་འཕེན་པ་ཞིག་ལ་རྒྱ་བལ་འབྲུག་གསུམ་གྱི་ཆོལ་ཁའི་ཐོབ་ཁུངས་ལ་འོས་འཕེན་ཡོད་པ་སྒྲིག་འགལ་བཅས་བྱུང་ཡོད་འདུགདབུས་འོས་བསྡུ་ལས་ཁང་གི་དྲི་རྩད་ལ་ས་གནས་ཀྱིས་ལན་འདེབས་དང་གནོན་ཤུགས་ལྟ་བུའི་བསུན་གཙེར་བཟོས་པ།བལ་ཡུལ་ནང་གི་འོས་བསྡུའི་ལས་དོན་བྱེད་ཕྱོགས་ཐོག་ཞིབ་འཇུག་གི་བརྒྱུད་རིམ་ནང་། དབུས་འོས་བསྡུ་ལས་ཁང་ནས་ཐེངས་གསུམ་དྲི་རྩད་བྱས་སྐབས། བལ་ཡུལ་མཆོད་འཇོར་ནང་འོས་བསྡུའི་སྐབས་སྒྲིག་འགལ་གང་ཡང་བྱུང་མེད་པའི་ཚགས་ཚུད་ངང་གྲུབ་ཡོད་ལུགས་སྐོར་འགྲེལ་བརྗོད་དང་། འོས་ཤོག་གྲངས་བཤེར་སྐབས་ཚོགས་མི་དང་ཟུར་དཔང་སུ་ཐད་ནས་མི་གཅིག་གིས་འོས་ཤོག་མང་པོ་བྲིས་ཡོད་པ་ཤེས་རྟོགས་བྱུང་མེད་པའི་འགྲེལ་བརྗོད་བྱུང་བ་མ་ཟད། མཆོད་འཇོར་མི་མང་བརྒྱ་ཆ་༦༠ གྲྭ་ཟུར་དང་བཙུན་ཟུར་ཡིན་པ་དང་། བླ་མ་གཅིག་གི་སློབ་མ་ཡིན་པས་ཡིག་གཟུགས་གཅིག་པ་ཡོང་སྲིད་པའི་གསལ་བཤད་བྱས་ཡོད་འདུགལྷག་པར་དུ་བལ་ཡུལ་ནང་གི་སྔོན་འགྲོའི་འོས་བསྡུ་ལས་དོན་ཐོག་དབུས་སུ་ཞིབ་འཇུག་འགྲོ་བཞིན་པ་ཤེས་བཞིན་དུ་ཡང་ཡང་དབུས་ལ་འབྲེལ་བ་བྱས་ཏེ། གནོན་ཤུགས་ལྟ་བུའི་བསུན་གཙེར་བཟོས་པ་དང་། ཕྱི་ལོ་༢༠༢༦ ཟླ་༤ ཚེས་༢༢ ཉིན། ཡིག་ཐོག་ནས་ཞིབ་འཇུག་ལ་ཐེ་ཇུས་ལྟ་བུའི་ཉེན་བརྡ་༼སྐུ་ཉིད་ནས་སྤྱི་ཚོགས་འཁྲུག་གཞི་མི་ཡོང་བའི་འགན་འཁུར་གཙོ་བོ་བཞེས་ནས་འདི་ག་བལ་ཡུལ་མཆོད་འཇོག་ས་གནས་ཁེར་རྐྱང་ལ་འོས་ཤོག་བཏང་བདེ་མ་མཆིས་པའི་ཁྲིམས་མཐུན་གྱི་དཔང་རྟགས་དང་། ལུང་འདྲེན་ཁ་གསལ་འཁོད་པའི་བཀའ་ཡིག་ཞིག་གང་མྱུར་གནང་སྐྱོང་ཡོང་བ་ཞུ༽ ཞེས་བསམ་ཡུལ་ལས་འདས་པའི་ས་གནས་འོས་བསྡུའི་འགན་འཛིན་ལས་རོགས་ཞིག་ནས་དབུས་འོས་བསྡུ་ལས་ཁང་ལ་ཞིབ་འཇུག་ཐོག་ལས་འགན་གྱི་ཆ་ཤས་སུ་མཐུན་འགྱུར་རམ་འདེགས་ཞུ་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་འདི་གར་སྐྱོན་བརྗོད་དང་འཇིགས་སྐུལ་ལྟ་བུའི་སྒྲིག་འགལ་གྱི་ཡིག་ཆུང་བཏང་བ་འོས་འཚམས་གཏན་ནས་མ་མཐོང་བས་ཡིད་གཟབ་གནང་གལ། ཞེས་དབུས་ནས་ནན་བརྗོད་གནང་འདུགམཐའ་མའི་ཐག་གཅོད་ནི། བལ་ཡུལ་ནང་འོས་བསྡུའི་ལས་དོན་ཡོངས་རྫོགས་ས་གནས་ཀྱི་དམིགས་བསལ་ཆབ་སྲིད་ཀྱི་དཀའ་ངལ་གྱི་གནས་བབས་འོག་ཐབས་བརྒྱ་བྱུས་སྟོང་ངང་སྒྲུབ་དགོས་པའི་གནས་སྟངས་འོག འོས་འཕེན་པ་ཁག་ཅིག་ནས་འོས་བསྡུ་སྤྱི་ལ་ཕན་གནོད་འབྲེལ་བའི་ངན་ཇུས་ཀྱིས་འོས་ཤོག་བེད་ལོག་བྱས་རྐྱེན་འོས་བསྡུ་སྤྱིའི་གྲུབ་འབྲས་ཁ་ལོ་བསྒྱུར་ཉེན་དང་། འོས་བསྡུ་རང་དབང་དྲང་བདེན་དང་། གསང་བའི་ཐོག་ནས་གྲུབ་ཐུབ་མེད་པ་ངོས་འཛིན་གྱིས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༩༧༼༦༽ དང་། དོན་ཚན་ ༨(༢)། དེ་བཞིན་དོན་ཚན་༡༠(༡)། འོས་བསྡུའི་སྒྲིག་གཞི་དོན་ཚན་༥༩(༥) གཞན་ཡང་། དོན་ཚན་༡༩ དང་༣༢༼༡༽ སོགས་ཀྱི་དགོངས་དོན་འགལ་འཛོལ་ཚབས་ཆེ་བྱུང་ཡོད་པའི་ར་འཕྲོད་བྱུང་བའི་འགལ་འཛོལ་ལ་གཞིགས་པའི་ད་ལན་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་ཞུ་རྒྱུའི་ཐག་གཅོད་ཞུས་ཡོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།





