བོད་འབའ་ཐང་རྫོང་དུ་རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་གྱི་འཛུགས་སྐྲུན་ལས་གཞི་རྐྱེན་པས་ཁུལ་དེའི་རང་བྱུང་ཁོར་ཡུག་ལ་དོ་ཕོག་གིས་ National Highway 215 མྱུར་བསྐྱོད་གཞུང་ལམ་རྡིབ་སྐྱོན་བྱུང་སྟེ་ཁུལ་དེར་འགྲུལ་བཞུད་ཡོངས་རྫོགས་འགག་འདུག་ཀྱང་། རྒྱ་གཞུང་གིས་དོན་རྐྱེན་དེ་ནི་རང་བྱུང་གནོད་འཚེ་ཞིག་ཡིན་པ་དང་། དོན་རྐྱེན་དེའི་འོག་མིའི་ཚེ་སྲོག་ལ་གནོད་སྐྱོན་བྱུང་མེད་ལུགས་བཤད་འདུག
དེ་ཡང་ཉིན་ཤས་གོང་གི་ཕྱི་ཚེས་ ༢༦ ཉིན་སྤྱི་ཚོགས་དྲྭ་ལམ་སྟེང་དུ་གནས་ཚུལ་ཐོན་གསལ་ལྟར་ན། བོད་ཁམས་འབའ་ཐང་རྫོང་གི་ མྱུར་བསྐྱོད་གཞུང་ལམ་ཉེན་ཚབས་ཆེན་པོའི་ངང་རྡིབ་སྐྱོན་ཤོར་བ་དང་། དེའི་རྐྱེན་པས་ཁུལ་དེའི་བརྒྱུད་ཀྱི་འགྲུལ་བཞུད་ཡོངས་རྫོགས་འགག་སྟེ་མི་མང་རྣམས་ས་ཁུལ་གཞན་སྐོར་ནས་འགྲོ་དགོས་པའི་དཀའ་ངལ་འཕྲད་བཞིན་པ་རེད་འདུག དོན་རྐྱེན་དེའི་སྐོར་གནས་ཚུལ་ཐོན་ཕྲལ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས། མྱུར་བསྐྱོད་གཞུང་ལམ་རྡིབ་སྐྱོན་ཤོར་བ་དེ་ནི་རང་བྱུང་གི་གནོད་འཚེ་ཞིག་ལས་རྒྱུ་མཚན་གཞན་གང་ཡང་མིན་པ་འགྲེལ་བརྗོད་ཙམ་མ་ཟད། དོན་རྐྱེན་དེའི་འོག་མིའི་ཚེ་སྲོག་ཤོར་མེད་ལུགས་དང་རྨས་སྐྱོན་རིགས་བྱུང་མེད་པ་བརྗོད་ཡོད་པ་དེ་ལྟར་ཡང་། སྤྱི་ཚོགས་དྲྭ་ལམ་སྟེང་གནས་ཚུལ་དེ་ཉིད་བརྒྱུད་སྤེལ་གནང་མཁན་དོ་སྣང་ཅན་གྱི་མང་ཚོགས་ཁག་གཅིག་གིས་གསུང་དོན་ལྟར་ན། མྱུར་བསྐྱོད་གཞུང་ལམ་ལམ་རྡིབ་སྐྱོན་དེ་ནི་རང་བྱུང་གནོད་འཚེ་རྐྱེན་པས་བྱུང་བ་ཞིག་མིན་པར། རྒྱ་གཞུང་གིས་ཐོག་མ་ཉིད་ནས་གཞུང་ལམ་འཛུགས་སྐྲུན་སྐབས་འཆར་གཞི་ལེགས་པོ་བཏིངས་མེད་པ་དང་། རྒྱུ་ཆ་སྤུས་དག་པོའི་ཐོག་ནས་གཞུང་ལམ་འཛུགས་སྐྲུན་བྱས་མེད་པ། དེ་བཞིན་རྒྱ་གཞུང་གིས་འབའ་ཐང་ཁུལ་དུ་ཆུ་ཤུགས་གློག་འདོན་གྱི་འཛུགས་སྐྲུན་ལས་གཞིའི་འོག་ཁུལ་དེའི་འབྲི་ཆུའི་ཆུ་རྒྱུན་གྱི་སྟོད་ཕྱོགས་སུ་ཆུ་རགས་བརྒྱབ་པ་མ་ཟད་ཆུ་རྒྱུན་དུམ་བུ་གསུམ་དུ་དབྱེ་སྟེ་བཀག་ཡོད་པ་སོགས་ཀྱི་རྒྱུ་མཚན་ལས་དོན་རྐྱེན་དེ་ལྟར་བྱུང་ཡོད་པ་གསུང་བཞིན་འདུག
གནས་ཚུལ་ནང་གསལ་ལྟར། དོ་སྣང་ཅན་ཚོས་གསུང་དོན་བྱས་ན། བོད་འབའ་ཐང་རྫོང་དུ་ཆུ་ཤུགས་གློག་འདོན་གྱི་ལས་གཞི་དེ་ཉིད་རྒྱ་གཞུང་གི་འབྲི་ཆུའི་ཆུ་རྒྱུན་སྟེང་དུ་ཆུ་ཤུགས་གློག་འདོན་གྱི་ལས་གཞི་ ༡༣ ཡོད་པའི་ཁོངས་སུ་གཅིག་ཡིན་པ་མ་ཟད། ཐེངས་འདིིིིའི་མྱུར་བསྐྱོད་གཞུང་ལམ་རྡིབ་སྐྱོན་གྱི་དོན་རྐྱེན་དེ་བཞིན་འདི་ལོར་རྒྱ་གཞུང་གི་འཛུགས་སྐྲུན་བྱས་པའི་ལས་གཞི་རྡིབ་སྐྱོན་ཤོར་བ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད་འདུག
འདི་ག་རླུང་འཕྲིན་ཁང་ནས་བོད་གནས་མཁོ་སྤྲོད་པ་ས་དཀར་བཀྲ་ཤིས་ལགས་སུ་དོན་རྐྱེན་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ཐེངས་འདིར་བོད་ཁམས་འབའ་ཐང་དུ་མྱུར་བསྐྱོད་གཞུང་ལམ་རྡིབ་སྐྱོན་ཤོར་བ་དེ་གཙོ་བོ་ཁུལ་དེར་རྒྱ་གཞུང་གིས་འབྲི་ཆུའི་སྟོད་དུ་ཆུ་ཤུགས་གློག་འདོན་རྒྱག་བཞིན་ཡོད་པ་དེས་རྐྱེན་བྱས་ཡིན་པ་དོགས་པ་ཆེན་པོ་ཡོད་པ་མ་ཟད། སྤྱིར་བཏང་ནས་རྒྱ་ནག་གིས་བོད་ནང་ཆུ་ཤུགས་གློག་འདོན་གསར་རྒྱག་གི་ལས་གཞི་དག་གིས་ས་གནས་བོད་མིར་ཕན་ཐོགས་གང་ཡང་མེད་པར་དེ་དག་གཙོ་བོ་རྒྱ་ནག་ནང་དུ་མཁོ་སྤྲོད་བྱེད་རྒྱུར་དམིགས་པ་ཞིག་ཡིན་པ་གསུངས་སོང་།
རྩ་བའི་ཟླ་སྔོན་མའི་ནང་དུའང་རྒྱ་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་ཁྱབ་ཁོངས་རྔ་བ་ཁུལ་འབར་ཁམས་རྫོང་གི་བྲག་བར་གྲོང་རྡལ་ནང་ཧོང་ཆི་ཟམ་པ་སྒོ་འབྱེད་བྱས་ནས་ཟླ་བ་འགའ་ཤས་ལས་སོང་མེད་ནའང་། ས་ཚིགས་དེར་ས་རུད་ཆེན་པོ་ཞིག་བྱུང་བའི་རྐྱེན་གྱིས་རྒྱ་གཞུང་གི་འཛུགས་སྐྲུན་བྱས་པའི་ཟམ་པ་དེ་ཡང་བརྡིབས་ཡོད་པ་མ་ཟད། སྐབས་དེ་དུས་ཀྱང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་དོན་རྐྱེན་དེ་ཉིད་སྐོར་ཞིབ་འཇུག་ཚོགས་ཆུང་ཞིག་བསྐོ་བཞག་བྱས་ཡོད་ལུགས་ཙམ་ལས་གནས་ཚུལ་ཁ་གསལ་ཕྱིར་བསྒྲགས་བྱས་མེད་པ་རེད།




