རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

2 weeks ago

རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཐའེ་ཝན་གྱི་སྲིད་འཛིན་སྐུ་ཞབས་ལེ་ཆིན་ཏི་མཆོག་ཨ་ཧྥེ་རི་ཁའི་ལྷོ་རྒྱུད་ཐའེ་ཝན་གྱི་མཐུན་གྲོགས་རྒྱལ་ཁབ་ཨེ་སི་ཝ་ཐི་ནི་རུ་གཞུང་དོན་ཕྱོགས་ཕེབས་གནང་ཐུབ་མེད་པ་རེད།

Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters

ཟླ་འདིའི་ཕྱི་ཚེས་ ༢༢ ནས་༢༦ བར་ཐའེ་ཝན་གྱི་སྲིད་འཛིན་སྐུ་ཞབས་ལེ་ཆིན་ཏི་(賴清德) མཆོག་ཨ་ཧྥེ་རི་ཁའི་ལྷོ་རྒྱུད་ཀྱི་ཐའེ་ཝན་གྱི་མཐུན་གྲོགས་རྒྱལ་ཁབ་ཨེ་སི་ཝ་ཐི་ནི་(Eswatini) རུ་གཞུང་དོན་ཕྱོགས་ཕེབས་གནང་འཆར་ཡོད་ཀྱང་། རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་རྐྱེན།  ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ཅིག་གིས་སྲིད་འཛིན་མཆོག་གི་འགྲུལ་བཞུད་ལ་ཚོད་འཛིན་དང་། བདེ་འཇགས་དང་འོས་འཚམ་གྱི་གནམ་གྲུའི་འབབ་ཚུགས་སུ་གནམ་གྲུ་འཕུར་སྐྱོད་བྱེད་དུ་མ་བཅུག་པའི་དབང་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་ཐུབ་མེད་པ་རེད།   དེར་བརྟེན་ཨ་རི་གཞུང་གིས་རྒྱ་ནག་གི་གནོན་ཤུགས་དང་ཨ་ཧྥེ་རི་ཁའི་ལྷོ་རྒྱུད་ཀྱི་རྒྱལ་ཁབ་ཁག་ཅིག་གི་བྱེད་སྟངས་ལ་སྐྱོན་བརྗོད་དང་སེམས་འཚབ་གནང་གི་ཡོད་སྐོར་བསྒྲགས་འདུག

ཁ་སང་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཀོ་ཇ་ཁིན་(Guo Jiakun) གྱིས་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། ཨ་ཧྥེ་རི་ཁའི་ཨ་སི་ཝ་ཐི་ནི་རྒྱལ་ཁབ་མ་གཏོགས། རྒྱལ་ཁབ་གཞན་རྣམས་རྒྱ་ནག་དང་ཕྱི་སྲིད་ཀྱི་འབྲེལ་ལམ་བཙུགས་ཡོད་ཅིང་། ཕྱི་ལོ་༢༠༢༣ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་བཏུས་པའི་ཚོགས་འདུའི་སྟེང་དུ། རྒྱལ་ཁབ་ ༥༣ གྱིས་མཉམ་ཞུགས་བྱས་ཏེ། རྒྱ་ནག་དང་ཨ་ཧྥེ་རི་ཁའི་མཉམ་ལས་བྱས་ཏེ་རྒྱ་ནག་གི་ལངས་ཕྱོགས་ལ་ངོས་ལེན་བྱས་ཡོད། རྒྱལ་ཁབ་དེ་དག་གིས་ཐེངས་མང་པོར་རྒྱ་ནག་གཅིག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ཡོད་ལ། འཛམ་གླིང་ནང་རྒྱ་ནག་གཅིག་མ་གཏོགས་མེད་ལ། ཐའེ་ཝན་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཁ་ཤས་གལ་ཆེན་ཞིག་ཡིན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནི་རྒྱ་ནག་ཡོངས་རྫོགས་མཚོན་པའི་ཁྲིམས་མཐུན་གྱི་སྲིད་གཞུང་ཞིག་ཡིན། ཞེས་དང་། རྒྱ་ནག་གཅིག་ནི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་མང་ཚོགས་ཀྱི་བསམ་ཚུལ་ཡིན་ལ།  རྒྱ་ནག་གཅིག་གྱུར་ཡོང་རྒྱུ་ནི་སུས་ཀྱང་བཀག་འགོག་བྱ་མི་ཐུབ་པ་ཞིག་རེད། ཐའེ་ཝན་རང་བཙན་ཞེས་པའི་ཁ་བྲལ་གྱི་འབད་བརྩོན་ནི་དོན་མེད་དང་ཕམ་ཉེས་སུ་འགྲོ་རྒྱུ་ཡིན་པ་གསལ་པོ་རེད། ཅེས་བཤད་ཡོད་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་རུ་ཊར་གསར་ཁང་ལ།  ད་ལན་རྒྱ་ནག་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱོགས་ཕེབས་ལ་འགོག་རྐྱེན་བཟོས་ནས་བཀག་འགོག་བྱས་པ་ཐེངས་དང་པོ་ཡིན་ལ། དེ་ནི་ཐའེ་ཝན་གྱིས་རྒྱལ་སྤྱིར་འབྲེལ་བ་འཛུགས་རྒྱུའི་འབད་བརྩོན་ལ་བཀག་འགོག་བྱེད་པའི་འཐབ་ཇུས་གསར་པ་ཞིག་མཚོན་གྱི་ཡོད་ལ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དེ་དག་གིས་ཀྱང་རྒྱ་ནག་གི་བཀའ་བཀོད་འོག་ཐའེ་ཝན་གྱི་དཔོན་རིགས་ཀྱི་རྒྱུན་ལྡན་འགྲུལ་བཞུད་ཀྱི་བདེ་འཇགས་དང་ཆེ་མཐོང་ལ་ཐེ་གཏོགས་བྱས་ནས་ལས་ཀ་བྱས་ཡོད།  རྒྱལ་ཁབ་དེ་དག་གིས་རང་ཉིད་ཀྱི་མངའ་ཁོངས་ལས་བརྒལ་བའི་རྒྱལ་སྤྱིའི་མཁའ་དབྱིངས་ཀྱི་འཛིན་སྐྱོང་གི་འགན་འཁུར་བ་ལས། པེ་ཅིན་གྱི་ཆབ་སྲིད་ལག་ཆ་ཞིག་ཏུ་གྱུར་མི་ཉན། ཞེས་དང་། ད་ལན་རྒྱ་ནག་གིས་ཐའེ་ཝན་དང་འཛམ་གླིང་ཡོངས་ཀྱི་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་འཇིགས་སྐུལ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མཁའ་འགྲུལ་བེད་སྤྱོད་ལོག་པར་བཏང་སྟེ། རྒྱལ་སྤྱིའི་ཞི་བདེ་དང་དར་རྒྱས་ལ་འཇིགས་སྐུལ་བྱེད་ཀྱི་ཡོད། ཅེས་གསུངས་འདུག དེ་བཞིན་དབྱིན་ཡུལ་དང་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས་ཀྱང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མཁའ་ལམ་ཁུལ་དུ་ཐེ་ཇུས་བྱས་ཏེ་བེད་སྤྱོད་ལོག་པར་བཏང་བར་སྐྱོན་བརྗོད་དང་སེམས་འཚབ་ཡོད་པའི་རྣམ་འགྱུར་བསྟན་འདུག

ལྷོ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཆུང་ངུ་ཨེ་སི་ཝ་ཐི་ནི་ནི་ཐའེ་ཝན་དང་འབྲེལ་བ་དངོས་སུ་རྒྱུན་འཁྱོངས་བྱེད་མཁན་ཞིག་ཡིན་ཞིང་། ད་ལན་སྲིད་འཛིན་སྐུ་ཞབས་ལེ་ཆིན་ཏི་ཨེ་སི་ཝ་ཐི་ནིའི་རྒྱལ་པོ་མ་སི་ཝ་ཏི་གསུམ་པ་(Mswati III) ཁྲི་ལ་བཞུགས་ནས་ལོ་ངོ་བཞི་བཅུ་འཁོར་བའི་དུས་དྲན་མཛད་སྒོར་ཕེབས་འཆར་ཡོད་འདུག་ལ། ཕྱི་ལོ་ ༢༠༢༣ ལོར་ཐའེ་ཝན་གྱི་སྐབས་དེའི་སྲིད་བློན་ཚའེ་ཝན་ཀྱང་རྒྱལ་ཁབ་དེར་གཞུང་འབྲེལ་ཕྱོགས་ཕེབས་གནང་འདུག  ཐའེ་ཝན་དང་རྒྱལ་ཁབ་དེ་གཉིས་བར་ཕྱི་ལོ་ ༡༩༦༨ ཙམ་ནས་མཉམ་འབྲེལ་ལས་དོན་མགོ་བཙུགས་ནས། ཐའེ་ཝན་གྱིས་རྒྱལ་ཁབ་དེར་གཞུང་ལམ་གསར་འཛུགས་དང་། སྨན་བཅོས་འཕྲོད་བསྟེན། ཞིང་ལས་འདེབས་འཛུགས། རྒྱལ་ཁབ་དེའི་སློབ་མ་མང་པོ་ཞིག་ལ་ཐའེ་ཝན་དུ་སློབ་སྦྱོང་གི་སློབ་ཡོན་སོགས་ཐོབ་ཀྱིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༧ ནས་ ༡༢ བར་ཉིན་གྲངས་དྲུག་གི་རིང་ཐའེ་ཝན་གོ་མིན་ཏང་ཚོགས་པའི་ཚོགས་གཙོ་ཁྲན་ལི་ཝུན་ (Cheng Li-wun) གྱིས་ཞི་ཅིན་ཕིན་གྱི་མགྲོན་འབོད་ལྟར་རྒྱ་ནག་ཏུ་ཕྱིན་ཏེ། རྒྱ་ནག་གཞུང་གིས་རྒྱ་ནག་གཅིག་ཟེར་བའི་ངོ་བོའི་ཐོག་ནས་རྒྱ་ནག་གཅིག་སྡུད་བྱ་དགོས་སྐོར་དང་། རྒྱ་རིགས་བར་ཕན་ཚུན་མཐུན་སྒྲིལ་དང་མཉམ་ལས་བྱ་དགོས་ལུགས་སོགས་བཤད་ནས་རྒྱ་ནག་དང་བསྟུན་གང་ཐུབ་བྱས་ཡོད་ཅིང་། རྒྱ་ནག་གཞུང་གིས་ཀྱང་ཐའེ་ཝན་དང་མཉམ་ལས་བྱས་ཏེ་འཛུགས་སྐྲུན་ལས་གཞི་གོང་མཐོར་དང་། ཕན་ཚུན་བར་གནམ་གྲུ་ཤར་གཏོང་། ཐའེ་ཝན་གྱི་མཚོའི་ཐོན་ཁུངས་དང་ཉ་ཤའི་རིགས་རྒྱ་ནག་ཏུ་ཚོང་འགྲེམས་བྱ་རྒྱུ་ཡིན་ལུགས་ཁས་ལེན་བྱས་ཡོད་ཀྱང་། ཐའེ་ཝན་གྱི་གཞུང་འཛིན་ཚོགས་པས་ལི་ཝུན་གྱི་བྱེད་སྟངས་དང་རྒྱ་ནག་ལ་མཉམ་འབྲེལ་བྱ་འདུན་མེད་པའི་རྣམ་འགྱུར་བསྟན།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

Original Article