རྒྱ་གཞུང་གིས་མངའ་རིས་ས་ཁུལ་དུ་འཁོར་སྡེར་ ༣༥༠༠ ལྷག་བགོས་འགྲེམས་བྱས་འདུག

3 months ago

རྒྱ་གཞུང་གིས་ཕྱི་ལོ་ ༢༠༢༦ ནས་བཟུང་བོད་སྟོད་མངའ་རིས་ས་ཁུལ་དུ་ Satellite Dish འམ་བརྙན་འཕྲིན་དང་རླུང་འཕྲིན་གྱི་ཟུང་སྐར་འབྲེལ་མཐུད་འཁོར་སྡེར་དམ་བསྒྲགས་ཀྱི་ལས་འཆར་འགོ་བཙུགས་ཡོད་འདུག ཉེ་ཆར་མཚོ་ཆེན་རྫོང་འཁོར་སྡེར་ལས་ཁུངས་ཀྱིས་ལག་བསྟར་བྱས་པ་ལྟར་ན། མངའ་རིས་མཚོ་ཆེན་ས་ཁུལ་གྱི་གྲོང་བརྡལ་གསུམ་ནང་དུ་གོང་ཞུས་ལས་འཆར་དེ་ལག་བསྟར་བྱས་ཟིན་ཡོད་པ་དང་རྫོང་གཞན་ཚོའི་ནང་དུ་ལག་བསྟར་བྱེད་མུས་རེད་འདུག འདི་ག་རླུང་འཕྲིན་ཁང་གིས་འབྲེལ་ཡོད་བརྒྱུད་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་ཆེན་རྫོང་མངའ་ཁུལ་གྱི་གྲོང་སྡེ་ ༡༧ ནང་དུ་གཞུང་གི་འཁོར་སྡེར་བགོས་འགྲེམས་ཀྱིས་ལས་གཞི་ལག་བསྟར་བྱས་ཟིན་ཡོད་པ་དང་། ཁྱོན་བསྡོམས་འཁོར་སྡེར་ ༣༥༠༠ ལྷག་ཞིང་འབྲོག་མི་དམངས་ཀྱི་ཁྱིམ་ཚང་ནང་དུ་བེད་སྤྱོད་བྱེད་འགོ་བཙུགས་ཟིན་འདུག མ་ཟད་རྒྱ་གཞུང་ངོས་ནས་ཁྱིམ་ཚང་རེ་རེར་སྒེར་གྱི་འཁོར་སྡེར་བེད་སྤྱོད་བྱ་མི་ཆོག་པའི་བཀའ་བཏང་བ་དང་། གཞུང་ངོས་ནས་ལག་བསྟར་བྱས་པའི་འཁོར་སྡེར་བརྒྱུད་ནས་རྒྱ་གཞུང་གི་དྲིལ་བསྒྲགས་ཁོ་ན་ལས་ཕྱི་རྒྱལ་བརྒྱུད་ལམ་ཁག་གཅིག་ཀྱང་ལྟ་མི་ཐུབ་པ་བཟོས་ཡོད་པའི་གནས་ཚུལ་འབྲེལ་ཡོད་ནས་གསལ་བཤད་བྱས་སོང་། རྩ་བའི་རྒྱ་ནག་གཞུང་གིས་དེ་སྔ་ལྷ་ས་སོགས་བོད་ས་ཁྱོན་ཡོངས་སུ་གཞུང་འབྲེལ་མ་ཡིན་པའི་ཟུང་སྐར་བརྙན་འཕྲིན་གྱི་འཁོར་སྡེ་ Satellite Dish སྤྱོད་རྒྱུར་ནན་ཏན་གྱིས་བཀག་འགོག་བྱས་ཡོད་པ་དང་། དེ་ནི་གཙོ་བོ་ཆབ་སྲིད་དང་བསམ་བློའི་ཚོད་འཛིན་གྱི་ཆེད་དུ་ཡིན་ལ། ལྷག་པར་ཕྱི་རྒྱལ་གྱི་གསར་འགྱུར་དང་གནས་ཚུལ་རང་དབང་ཅན་རྣམས་བོད་མི་ཚོར་ཐོན་རྒྱུ་སྔོན་འགོག་བྱ་ཆེད་དགོན་སྡེ་སོགས་ཀྱི་ནང་དང་། བོད་མི་གནས་སྡོད་བྱེད་སའི་ས་ཁུལ་དུ་རླུང་འཕྲིན་སྒྲ་ལན་འཕྲུལ་ཆས་གཞུང་བཞེས་བཏང་སྟེ་། ས་གནས་ཀྱི་རླུང་འཕྲིན་ཆེད་འཛུགས་ཀྱིས་བཙན་ཤེད་ཀྱིས་བལྟ་རུ་འཇུག་པ་སོགས་ཀྱི་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་འདུག ལྷག་པར་ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་གི་དབང་འཛིན་པ་ཚོས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡོད་པའི་ཁང་པ་ཁག་ལ་འཚོལ་ཞིབ་བྱས་ཏེ། བོད་མི་ཚོས་འཁོར་སྡེར་བརྒྱུད་ནས་ཕྱི་རྒྱལ་གྱི་རླུང་འཕྲིན་དང་བརྙན་འཕྲིན་ལེ་ཚན་ལ་ལྟ་ཉན་བྱེད་ཀྱི་ཡོད་མེད་ཤེས་རྟོགས་བྱེད་རྒྱུ་འགོ་བཙུགས་ཡོད་པ་གྲོང་ཁྱེར་གྱི་ཉེན་རྟོག་པ་དང་། གནས་ཚུལ་ཤེས་མཁན་བོད་མི་གཉིས་ཀྱི་བརྗོད་ཡོད་པ་མ་ཟད། སྐབས་དེར་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་གྱི་རྒྱང་བསྲིང་ལས་ཁང་དང་ལྷ་ས་ཁུལ་གྱི་ལས་ཁང་ཚུད་ཉེན་རྟོག་པས་ལོ་དེའི་ཕྱི་ཟླ་ ༦ ཚེས་ ༨ དང་ ༩ ཉིན་ཁྱིམ་ཚང་རེ་རེ་བཞིན་ཁྲིམས་འགལ་གྱི་བརྙན་འཕྲིན་བརྒྱུད་གཏོང་ཡོད་མེད་ཞིབ་བཤེར་བྱས་ཡོད་འདུག །ད་བར་དབང་འཛིན་པས་འཁོར་སྡེར་ ༥༠ ཙམ་བཙན་འཕྲོག་བྱས་ཡོད་པ་ལྷ་ས་ཉེན་རྟོག་པའི་དྲ་ཚིགས་ཐོག་གསལ་བསྒྲགས་སྤེལ་འདུག

The post རྒྱ་གཞུང་གིས་མངའ་རིས་ས་ཁུལ་དུ་འཁོར་སྡེར་ ༣༥༠༠ ལྷག་བགོས་འགྲེམས་བྱས་འདུག appeared first on vot.

Original Article