རྒྱ་ནག་གཞུང་གིས་སླར་ཡང་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་གྱི་ས་ཁུལ་ཁག་གཅིག་ལ་མིང་གསར་པ་བཏགས་པར་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད། མིང་གང་བྱུང་བཏགས་ནས་དངོས་ཡོད་བདེན་པའི་གནས་ཚུལ་ལ་བསྒྱུར་བ་གཏོང་ཐུབ་ཀྱི་མ་རེད་ཅེས་སྐྱོན་བརྗོད་ནན་པོ་དང་འབྲེལ། བྱ་ངན་དེ་རིགས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་འབད་རྩོན་དེར་དོ་ཕོག་ཐེབས་ངེས་ཡིན་པ་གསུངས་འདུག རྩ་བའི་རྒྱ་གཞུང་གིས་རྒྱ་གར་བྱང་ཤར་ཨ་རུ་ན་ཅཱལ་མངའ་སྡེའི་ས་ཁུལ་ལ་ Zangnan འམ་བོད་ལྷོ་ངོས་ཀྱི་ས་ཁུལ་ཞེས་འབོད་དེ། ཕྱི་ལོ་ ༢༠༡༧ ནས་འགོ་བཙུགས་ཏེ་ད་བར་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ནང་གི་ས་གནས་ ༨༩ ལ་མིང་གསར་པ་བཏགས་ཡོད་པ་དང་། ལྷག་པར་ཉིན་ཤས་གོང་གི་ཕྱི་ཚེས་ ༡༠ ཉིན་རྒྱ་ནག་སྤྱི་དམངས་ལས་དོན་ལྷན་ཁང་གིས་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་ནང་གི་ས་གནས་ཁག་ ༢༣ ལ་མིང་གསར་པ་བཏགས་པའི་གནས་ཚུལ་ཐོན་ཡོད་པ་དང་ཆབས་ཅིག ཐེངས་འདིའི་རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ལ་མིང་བཏགས་ཏེ་མིང་ཐོ་གསལ་བསྒྲགས་བྱས་པ་དེ་ཐེངས་ ༦ པ་ཆགས་ཀྱི་ཡོད་པ་རེད། དེ་ཡང་ཁ་སང་ཕྱི་ཚེས་ ༡༢ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཉིན་ཤས་གོང་དུ་རྒྱ་ནག་གིས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ཁག་གཅིག་ལ་མིང་གསར་པ་བཏགས་པའི་གནད་དོན་དང་འབྲེལ། རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད། རྒྱ་གར་ངོས་ནས་རྒྱ་ནག་གིས་དེ་ལྟ་བུའི་ངན་གཡོའི་ཐབས་ཤེས་སྣ་མང་བརྒྱུད་ཨ་རུ་ན་ཅལ་མངའ་སྡེ་དེ་ཉིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པར་བདག་དབང་རྩོད་བཞིན་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་གྱིས། མིང་གང་བྱུང་བཏགས་ནས་དངོས་ཡོད་བདེན་པའི་གནས་ཚུལ་ལ་གཏན་ནས་བསྒྱུར་བ་གཏོང་ཐུབ་ཀྱི་མ་རེད།”ཅེས་སྐྱོན་བརྗོད་ནན་པོ་གནང་འདུག མ་ཟད། ཨ་རུ་ན་ཅལ་དེ་ཉིད་དེ་སྔ་ནས་རྒྱ་གར་གྱི་མངའ་སྡེ་ཡིན་པ་མ་ཟད་དུས་ད་ལྟ་དང་མ་འོངས་པ་ཡང་རྒྱ་གར་གྱི་མངའ་སྡེ་ཁོངས་སུ་གནས་རྒྱུ་ཡིན་པས། གཞི་མེད་མིང་གསར་པ་བཏགས་པའི་བྱ་སྤྱོད་དེ་ཡིས་ཤུགས་རྐྱེན་ནམ་ཡང་ཐེབས་ཀྱི་མེད་པ་དང་ཆབས་ཅིག བྱ་ངན་དེ་རིགས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་འབད་རྩོན་དེར་དོ་ཕོག་ཐེབས་ངེས་ཡིན་པས་འདི་ལྟ་བུའི་ལས་དོན་རིགས་འཕྲལ་མར་མཚམས་འཇོག་དགོས་པ་གསུངས་འདུག དེ་བཞིན་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ Randhir Jaiswal ལགས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་མངའ་སྡེ་དེ་བོད་ལྷོ་ཕྱོགས་ཀྱི་ཆ་ཤས་ཡིན་ཚུལ་དང་དེར་ཁྲིམས་འགལ་ཐོག་ནས་ Zangnan ཞེས་མིང་བཏགས་ཡོད་པ་སོགས་ལུང་འདྲེན་གྱིས་ཨ་རུ་ནཱ་ཅལ་མངའ་སྡེ་ནི་འདས་མ་ད་གསུམ་ནས་རྒྱ་གར་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་སྟབས་རྒྱ་གཞུང་གིས་ཁུལ་དེའི་ས་གནས་ཁག་ལ་མིང་གསར་པ་བཏགས་པ་དེས་དངོས་ཡོད་གནས་བབ་ལ་འགྱུར་བ་གང་ཡང་གཏང་ཐུབ་ཀྱི་མ་རེད་ཅེས་བསྐྱར་ནན་གནང་འདུག གཞི་རྩའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མུ་མཐུད་དེ་རྒྱ་གར་བྱང་ཤར་མངའ་སྡེ་ཨ་རུ་ན་ཅལ་གྱི་ས་ཁུལ་ཁག་གཅིག་ལ་མིང་གསར་པ་བཏགས་ཏེ་ས་ཁྲ་འདོན་སྤེལ་བྱས་ཡོད་པ་མ་ཟད། སྔ་ལོར་རྒྱ་གཞུང་གིས་སླར་ཡང་ཁུལ་དེའི་ས་གནས་ཁག་ ༢༧ ལ་མིང་གསར་པ་བཏགས་པའི་མིང་ཐོ་ཞིག་ཕྱིར་བསྒྲགས་བྱས་ཡོད་པར་རྒྱ་གར་གཞུང་ངོས་ནས་སྐབས་དེ་དུས་ཀྱང་མཐའ་གཅིག་ཏུ་ངོས་ལེན་མེད་པའི་སྐྱོན་བརྗོད་བསྐྱར་ནན་གནང་ཡོད་པའི་ཐོག རྒྱ་གར་ཕྱི་སྲིད་ལྷན་ཁང་དབུས་པའི་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་དང་ཕྱི་སྲིད་བློན་ཆེན་གཙོས་པའི་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་མང་པོས་དེ་འབྲེལ་སྐྱོན་བརྗོད་གནང་ཡོད་པ་རེད།
The post རྒྱ་གཞུང་གིས་སླར་ཡང་ཨ་རུ་ནཱ་ཅལ་མངའ་སྡེའི་ས་ཁུལ་ཁག་གཅིག་ལ་མིང་གསར་པ་བཏགས་པར་རྒྱ་གར་གྱིས་སྐྱོན་བརྗོད། appeared first on vot.




