བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་མཇལ་སྐབས། རྒྱ་གར་གྱི་འཚེ་མེད་ཞི་བའི་རིག་གཞུང་གི་སློབ་གསོ་དེ་ཧ་ཅང་རྩ་ཆེན་པོ་ཡིན་པ་དང་། ཨ་མའི་བརྩེ་བ་ཐོབ་པ་དེ་རྒྱ་ཆེ་རུ་གཏང་དགོས་གལ་ཡིན་པ་བཀའ་སྩལ། དེ་ཡང་ཁ་སང་ཚེས་ ༡༥ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གིས་འབྲུག་ཡུལ་སོགས་ཀྱི་དད་ལྡན་མཇལ་ཞུ་བ་རྣམས་ལ་མཇལ་ཁ་སྩལ་ཡོད་པ་དང་། སྐབས་དེར་རྒྱ་གར་སྐྱེས་མ་ཞིག་གིས་ཕྲུ་གུ་རྣམས་ལ་རིན་ཐང་བྲལ་བའི་སློབ་གསོ་ཅི་ཞིག་གནང་དགོས་པའི་ལམ་སྟོན་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་འཚེ་མེད་ཞི་བའི་རིག་གཞུང་འདི་ཧ་ཅང་རྩ་ཆེན་པོ་ཡིན་པ་བཀའ་སྩལ་འདུག དེ་བཞིན་མཇལ་ཞུ་བ་གཞན་ཞིག་གིས་སྙིང་རྗེ་ལྡན་པ་ཇི་ལྟར་བྱ་དགོས་ཞེས་་བཀའ་འདྲི་ཞུས་པར། སོ་སོ་རང་ཉིད་སྐྱེས་ཙམ་ནས་ཨ་མའི་བརྩེ་བ་ཐོབ་པ་དེ། ག་ལེར་རྒྱ་ཆེ་ས་ནས་སྒོམ་ཐུབ་ན་དགེ་མཚན་ཆེ་བ་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་སྔ་དྲོ་སྐུ་བཞེངས་མཛད་མ་ཐག་བརྩེ་བ་སྒོམ་གྱི་ཡོད་ཅིང་། ནང་པའི་ལུགས་ལ་འཕགས་པ་སྤྱན་རས་གཟིགས་ནི་སྙིན་རྗེའི་ལྟ་ཡིན་པས་དུས་རྟག་ཏུ་འཕགས་པ་ཐུགས་རྗེ་ཆེན་པོ་དབུའི་སྤྱི་བོར་བཞུགས་ཡོད་པ་དགོངས་བཞེས་མཛད་ཀྱི་ཡོད་ཅེས་བཀའ་སྩལ་འདུག ད་དུང་མཇལ་ཞུ་བའི་ཁྲོད་༸གོང་ས་མཆོག་གིས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་དེབ་ཕྲེང་གཉིས་པ་དང་བཞི་པ་ཨིན་འགྱུར་ཞུ་མཁན་ཕྱི་རྒྱལ་བ་བདེ་ཆེན་ལགས་ཡོད་པ་དང་། སྐབས་དེར་ཁོང་རང་ཉིད་སྙིང་རྗེ་ཉམས་ལེན་ཤུགས་ཆེ་རུ་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་ཞུས་འདུག ལྷག་པར་ཟླ་བ་འདིའི་ཚེས་ ༥ ནས་ ༩ བར་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ ༩ པའི་ཚོགས་བཅར་བ་རྣམས་ནས་མཇལ་ཁ་ཞུས་པར། ༸གོང་ས་མཆོག་གིས་གཞུང་ཆེན་མོར་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞིང་། གཞུང་ཆེན་དེ་དག་བསམ་བློའི་ནང་གུང་སྒྲིག་དུས་གཞན་དང་མི་འདྲ་བ་ཞིག་རེད་བཞག མགོན་པོ་༸གང་ཉིད་མཆོག་ཀྱང་སྐུ་ན་ཆུང་དུས་གཞུང་ཆེན་ཕར་ཕྱིན་ནས་སློབ་གཉེར་མཛད་ཡོད་པ་ཅེས་ལམ་སྟོན་སྩལ་འདུག མ་ཟད་འབྲུག་ནས་དད་ལྡན་ ༣༠ པའི་ཁྲོད་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་ཀྱིས་ལོ་ཉི་ཤུ་སློབ་གཉེར་བྱས་ཏེ་ཉེ་ལམ་དགེ་བཤེས་གཏོང་མཁན་ཞིག་ཡོད་པ་དང་། ༸གོང་ས་མཆོག་གིས་གཞི་གསུམ་གྱི་ཆོ་ག་འདུལ་བ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་སྩལ་ཅིང་། སྐབས་དེར་འབྲུག་པ་ཁག་གཅིག་གིས་གླུའི་མཆོད་པ་ཕུལ་འདུག མཇལ་ཞུ་བའི་ཁྲོད་ནས་༸གོང་ས་མཆོག་ལ་བྱིས་པ་གཉིས་ནས་ཨ་ཧྥི་རི་ཀའི་ནང་ཡོད་པའི་དཔག་བསམ་ཤིང་གི་འབྲ་བུ་ཞིག་ཕུལ་ཏེ། མགོན་པོ་༸གང་ཉིད་མཆོག་དཔག་བསམ་ཤིང་ལྟར་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་ཞུས་འདུག གཞི་རྩེའི་ཁ་སང་མཇལ་ཁའི་སྐབས་ཨུ་རུ་སུ་དང་ཕ་རཱན་སི། ཨི་ཊ་ལཱི། ཨར་ཇེན་ཊི་ནཱ། ཐའེ་ཝན། ཨོསྟྲེ་ལི་ཡཱ། ཝི་ཡཏ་ནཱམ་སོགས་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་དང་། རྒྱ་གར་གཙོས་པའི་ཧི་མ་ལཱ་ཡཱའི་རི་རྒྱུད་ཀྱི་དད་ལྡན་རྣམ་པ་སོགས་ཁྱོན་མཇལ་ཞུ་བ་ ༣༥༠ ལྷག་ལ་མཇལ་ཁ་སྩལ་ཡོད་ཅིང་། དེང་སྐབས་མགོན་པོ་༸གང་ཉིད་མཆོག་གིས་བརྟན་བཞུགས་སོགས་ཀྱི་མཛད་འཆར་མ་གཏོགས་མཇལ་ཁ་ཆད་མེད་སྩལ་གྱི་ཡོད་པ་རེད།
The post རྒྱ་གར་གྱི་འཚེ་མེད་ཞི་བའི་རིག་གཞུང་གི་སློབ་གསོ་དེ་ཧ་ཅང་རྩ་ཆེན་པོ་ཡིན་པ་བཀའ་སྩལ། appeared first on vot.





