རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

1 month ago

རྒྱ་གར་གྱི་བདེ་འཇགས་སླད་དེ་རིང་ཕྱི་ཟླ་ ༤ ཚེས་ ༡ ནས་བཟུང་རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་ཉེན་སྲུང་བརྙན་མིག་རྣམས་བཀག་སྡོམ་བྱེད་ཀྱི་འདུག

རྒྱ་གར་གྱི་བདེ་འཇགས་སླད་དེ་རིང་ཕྱི་ཟླ་ ༤ ཚེས་ ༡ ནས་བཟུང་རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་ཉེན་སྲུང་བརྙན་མིག་རྣམས་བཀག་སྡོམ་བྱེད་ཀྱི་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།

དེ་རིང་ནས་རྒྱ་གར་གྱི་གློག་རྡུལ་དང་ཆ་འཕྲིན་འཕྲུལ་རིག་བློན་ཆེན་ལས་ཁུངས་ (Ministry of Electronics and Information Technology of India ) ཀྱིས་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་སླད། རྒྱ་ནག་གི་ཧིག་ཝི་སོན་ (Hikvision) དང་། ཊི་པི་ལིག་ཀི་(TP-Link) ། བྷ་ཧུ་(Dahua CCTV) སོགས་ཀྱིས་བཟོས་པའི་ཉེན་སྲུང་བརྙན་མིག་དེ་དག་རྒྱ་གར་ནང་དངོས་སུ་ཚོང་འགྲེམས་དང་བཀོལ་སྤྱོད་རིགས་བཀག་སྡོམ་གྱི་སྲིད་ཇུས་ལག་བསྟར་མགོ་འཛུགས་བྱས་འདུག་ལ། དེ་ནི་རྒྱ་གར་རང་གི་ཐོན་རྫས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱིན་འདུག

གནད་དོན་དེའི་ཐད་རྒྱ་གར་གྱི་འཕྲུལ་ལས་བཟོ་སྐྲུན་ཁང་ཁག་ཅིག་གིས།  གོམ་སྟབས་འདི་ནི་འབྲེལ་མཐུད་ཡོ་བྱད་ཀྱི་བདེ་འཇགས་ཚད་གཞི་དམ་དུ་གཏོང་བའི་གཞུང་གི་འབད་བརྩོན་ཆེན་པོའི་ཆ་ཤས་ཤིག་རེད། དབང་འཛིན་པ་རྣམས་ཀྱིས་ཚོང་ལས་ཁང་འདི་དག་གི་ཐོན་རྫས་དང་། རྒྱ་ནག་ནས་ཡིན་པའི་བྱང་བུ་(chipsets) བེད་སྤྱོད་བྱེད་པའི་ཡོ་ཆས་གང་རུང་ལ་དཔང་ཡིག་སྤྲད་རྒྱུ་ཁས་ལེན་བྱེད་ཀྱི་མེད་ལ། ཚད་ལྡན་བཟོ་སྐྲུན་ལྟེ་གནས་ཁང་ཁག་གི་ཆོག་མཆན་མེད་པར་ཐོན་རྫས་དེ་དག་རྒྱ་གར་གྱི་ཁྲོམ་རར་བཀག་འགོག་བྱས་ཡོད། ཅེས་བསྒྲགས་འདུག ཡིན་ནའང་། གནད་དོན་དེ་དག་འབྲེལ་ནས་རྒྱ་ནག་གཞུང་ཕྱོགས་ཀྱིས་བརྡ་ལན་གང་ཡང་སྤྲད་མི་འདུག

འདས་པའི་ལོ་གཅིག་ནང་རྒྱ་གར་ནང་བྲིན་རྒྱུག་ཧ་ཅང་ཆེ་བའི་རྒྱ་ནག་གི་ཅ་དངོས་དེ་དག་གིས་རྒྱལ་ཡོངས་ཀྱི་ཉེན་སྲུང་བརྙན་མིག་ཚོང་འགྲེམས་སྤྱིའི་བརྒྱ་ཆ་སུམ་ཅུ་ཙམ་ཟིན་ཡོད་འདུག ཡིན་ནའང་། ཐའེ་ཝན་གྱི་བྱང་བུ་ཅན་གྱི་རྒྱ་གར་གྱི་ཚོང་རྟགས་ CP Plus, Qubo, Prama, Matrix, དང་Sparsh སོགས་བྲིན་རྒྱུག་ཆེ་རུ་འགྲོ་བཞིན་ཡོད་པའི་ཁར། གྲངས་འབོར་རྩིས་ཞིབ་ (Counterpoint Research) ལྟར་ན། འདི་ལོའི་ཕྱི་ཟླ་ ༢ བར་རྒྱ་གར་གྱིས་བཟོ་སྐྲུན་བྱས་པའི་ཉེན་སྲུང་བརྙན་མིག་གི་ཚོང་འགྲེམས་ཀྱི་བརྒྱ་ཆ་ ༨༠ ལྷག་ཟིན་སྲིད་པ་དང་། རྒྱ་གར་གྱི་ཁུ་བྷོ་(Qubo) འཕྲུལ་རིག་བཟོ་ཚོང་ཁང་གི་འགན་འཛིན་ནག་ཧིལ་ར་ཇི་པལ་(Nikhil Rajpal) ལགས་ཀྱིས། གཞུང་གི་བྱ་སྤྱོད་འདི་ནི་རྒྱལ་ཁབ་དང་སྒེར་གྱི་བདེ་འཇགས་སྲ་བརྟན་གཏོང་བ་དང་། རྒྱ་གར་གྱི་ཚོང་རྟགས་དང་བཟོ་སྐྲུན་ལ་རྒྱབ་སྐྱོར་སྔར་ལྷག་བྱེད་པའི་གོམ་སྟབས་གལ་ཆེན་ཞིག་རེད། ཅེས་བརྗོད་འདུག

ཕྱི་ལོ་ ༢༠༢༡ ལོར་རྒྱ་གར་དབུས་གཞུང་གིས་གྲོས་ཚོགས་སུ་རྒྱ་གར་ནང་བཀོལ་སྤྱོད་བྱེད་བཞིན་པའི་ཉེན་སྲུང་བརྙན་མིག་ས་ཡ་གཅིག་ལྷག་ནི་རྒྱ་ནག་གིས་བཟོ་སྐྲུན་བྱས་ཡོད་སྟབས། རྒྱ་ནག་གཞུང་གིས་བརྙན་མིག་གི་མ་ལག་བརྒྱུད་རྒྱ་གར་གྱི་དཔོན་རིགས་དང་གནད་ཡོད་མི་སྣ་ཁག་ཅིག་གི་འགྲོ་འདུག་དང་། ཉེན་སྲུང་ས་གནས་ཁག་ཏུ་གསང་བའི་ལྟ་ཞིབ་བྱེད་ཀྱིན་པའི་ཐད་གླེང་སློང་ཆེན་པོ་བྱུང་རྗེས། ཕྱི་ལོ་ ༢༠༢༤ ལོར་རྒྱ་གར་གྱི་གློག་རྡུལ་དང་ཆ་འཕྲིན་འཕྲུལ་རིག་བློན་ཆེན་ལས་ཁུངས་ཀྱིས་རྒྱ་ནག་གིས་བཟོ་སྐྲུན་བྱས་པའི་ཉེན་སྲུང་བརྙན་མིག་རྣམས་བཀག་སྡོམ་བྱ་རྒྱུ་ཡིན་པའི་སྲིད་ཇུས་བཏོན་ཏེ། ཕྱི་ལོ་ ༢༠༢༤ ཟླ་ ༦ ཙམ་ནས་དངོས་སུ་ཞིབ་འཇུག་བྱེད་མགོ་བཙུགས་ནས་ད་ལྟ་དངོས་སུ་ལག་བསྟར་བྱ་དགོས་བཙུགས་ཡོད་འདུག

དེ་བཞིན་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གཞུང་གིས་རྒྱ་གར་གྱི་བདེ་འཇགས་དང་ས་ཁོངས་བདག་དབང་། མི་མང་གི་བདག་དབང་སྲུང་སྐྱོབ་སོགས་ལ་གནོད་སྐྱོན་བཟོ་ཡི་ཡོད་པའི་ངོས་འཛིན་ཐོག རྒྱ་ནག་གཞུང་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་ཁ་པར་མཉེན་ཆས་ ༢༢༤ ལྷག་བཀག་སྡོམ་བྱས་དང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་གར་ནང་བཀོལ་སྤྱོད་བྱེད་བཞིན་པའི་རྒྱ་ནག་གཞུང་གི་མཉེན་ཆས་ ༥༩ བཀག་སྡོམ་བྱས་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

Original Article