རྒྱ་ནག་གིས་ཅེག་གྲོས་ཚོགས་ནས་༸རྒྱལ་བའི་ཡང་སྲིད་ཐད་གྲོས་ཆོད་གཏན་འབེབས་གནང་བ་ལ་སྐྱོན་བརྗོད།

1 month ago

ཁ་ཉིན་ཕྱི་ཚེས་ ༢༥ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ནང་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་ལ་ཐེ་བྱུས་བྱ་རྒྱུའི་ཁྲིམས་ཐོག་ནས་དབང་ཚད་རྩ་བ་ནས་མེད་པ་དང་།  བོད་མི་ཚོའི་རང་དབང་གི་འདེམས་ཀ་ལ་ཅེག་སྲིད་གཞུང་ནས་རྒྱབ་སྐྱོར་དགོས་པའི་གྲོས་ཆོད་ཅིག་སྤྱི་མོས་ཀྱིས་གཏན་འབེབས་གནང་བར་བརྟེན། དེ་རིང་ཅེག་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ནས་བསྒྲགས་གཏམ་ཞིག་སྤེལ་བའི་བརྒྱུད།  ཅེག་གྲོས་ཚོགས་གོང་མས་སྤྱི་མོས་ཀྱིས་གཏན་འབེབས་གནང་བའི་གྲོས་ཆོད་དེར་སྐྱོན་བརྗོད་དང་འབྲེལ། རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པ་མ་ཟད། ཅེག་དང་རྒྱ་ནག་བར་གྱི་འབྲེལ་ལམ་བཟང་པོ་ཡོད་པ་དེར་བརྩི་སྲུང་བྱེད་དགོས་པ་བཤད་འདུག དེ་ཡང་དེ་རིང་ཕྱི་ཚེས་ ༢༧ ཉིན་རྒྱ་ནག་གི་གཞུང་འབྲེལ་དབྱིན་ཡིག་གསར་ཤོག་ Global Times ཐོག་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་དེ་སྤེལ་བའི་ནང་།  ཅེག་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་མགྲིན་ཚབ་པས།  ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་འགའ་ཞིག་ནས་ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་རིང་ལུགས་ལ་ངོས་འཛིན་དགོས་ལུགས་དང་།  བོད་དང་འབྲེལ་བའི་གནད་དོན་ནང་ཐེ་ཇུས་བྱེད་མཚམས་འཇོག་དགོས་པ་མ་ཟད། བོད་རང་བཙན་འཐབ་རྩོད་ཀྱི་རུ་ཁག་ཚོར་བརྡ་ལན་ངན་པ་ཅི་རིགས་ཤིག་སྤྲོད་མཚམས་འཇོག་དགོས་པ། དེ་བཞིན་རྒྱ་ནག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་བར་གྱི་འབྲེལ་ལམ་སྲ་བརྟན་ཡོད་པ་དེ་ཉིད་སྲུང་སྐྱོབ་ཐད་དངོས་ཡོད་ཀྱི་ལས་དོན་བསྒྲུབ་དགོས་གལ་ཡིན་ལུགས་བཤད་འདུག གནས་ཚུལ་ནང་། རྒྱ་ནག་གི་མགྲིན་ཚབ་པས་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་དེ་ཁ་ཉིན་ཕྱི་ཚེས་ ༢༥ ཉིན་ཅེག་གྲོས་ཚོགས་གོང་མའི་འཐུས་མིས་རྣམས་ནས་སུད་སིའི་ཇི་ནི་ཝ་བོད་ཀྱི་སྐུ་ཚབ་དོན་གཅོད་མཉམ་ཞུགས་ཐོག་༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དང་རྒྱ་ནག་གཞུང་གིས་ཉེ་ལམ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་དང་འབྲེལ་ཏེ་གྲོས་ཆོད་གཏན་འབེབས་གནང་བ་ལ་ལན་འདེབས་ཚུལ་དུ་སྤེལ་ཡིན་ལུགས་བཤད་འདུག་པ་མ་ཟད།  གནད་དོན་དེའི་བརྒྱུད་རིམ་ལ་དོ་སྣང་ཡོད་ལུགས་དང་།  ཅེག་གྲོས་ཚོགས་གོང་མས་རྒྱ་ནག་གིས་བོད་ཀྱི་གནད་དོན་ཐོག་འཛིན་པའི་ལངས་ཕྱོགས་ལ་རྩིས་མེད་བཏང་བའི་ཐོག་རྒྱ་ནག་གི་ནང་སྲིད་གནད་དོན་ནང་ཐེ་ཇུས་བྱེད་པར་མཐའ་གཅིག་ཏུ་དགག་པ་ཡོད་ཅེས་འགྲེལ་བརྗོད་ཀྱིས། བོད་ནི་རྒྱ་ནག་གི་ལྡོག་ཏུ་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། བོད་དང་འབྲེལ་བའི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་གནད་དོན་ཡིན་པར་ཕྱིའི་གནོན་ཤུགས་ཀྱི་ཐེ་ཇུས་རིགས་ལ་བཟོད་ཐབས་མེད་ལུགས་བཤད་འདུག གཞི་རྩའི་ཁ་ཉིན་ཕྱི་ཚེས་ ༢༥ ཉིན་ཅེག་གྲོས་ཚོགས་གོང་མས་སྤྱི་མོས་ཐོག་གཏན་འབེབས་གནང་བའི་གྲོས་ཆོད་དེའི་ནང་། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་འདེམས་སྒྲུག་གི་ལས་དོན་ནི་བོད་མི་མང་ཁོ་ནར་དབང་བའི་གནད་དོན་ཞིག་ཡིན་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་དེའི་ཐད་ཐེ་བྱུས་བྱ་རྒྱུའི་ཁྲིམས་ཐོག་ནས་དབང་ཚད་རྩ་བ་ནས་མེད་ཅེས་འབུར་སྟོན་གནང་བ་མ་ཟད། ༸གོང་ས་མཆོག་༸གང་ཉིད་ཀྱིས་ཉེ་ལམ་༸རྒྱལ་བའི་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་པར་རྒྱབ་སྐྱོར་དང་། དགའ་ལྡན་ཕོ་བྲང་ནི་༸རྒྱལ་བའི་ཡང་སྲིད་ངོས་འཛིན་ཐད་དབང་ཚད་ལྡན་པའི་ལས་ཁུངས་ཁོ་ན་དེ་ཡིན་པ་ངོས་འཛིན་གནང་ཡོད།  ལྷག་པར་དུ་རྒྱ་ནག་གཞུང་གིས་ཉེ་ལམ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་ཞིག་ཁྲིམས་སུ་བཅད་པར་ཐུགས་འཚབ་དང་འབྲེལ།  ཁྲིམས་ཡིག་འདི་ནི་གྲངས་ཉུང་མི་རིགས་ཁག་གི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་རང་དབང་ལ་ཚོད་འཛིན་བྱེད་པའི་ཁྲིམས་ཡིག་ཅིག་ཡིན་པ་དང་། འདིས་མི་རིགས་མཐུན་སྒྲིལ་སྲ་བརྟན་གཏོང་རྒྱུའི་དམིགས་ཡུལ་བཏོན་ཡོད་ཀྱང་། དོན་དངོས་སུ་བོད་མིའི་ངོ་བོར་དྲག་གནོན་དང་། སྒྲིག་འཛུགས་ཅན་གྱི་བཙན་གནོན་ཤུགས་ཆེ་རུ་གཏོང་བའི་ཁྲིམས་མཐུན་གྱི་རྒྱུ་མཚན་ཞིག་ཏུ་བེད་སྤྱོད་བྱེད་ཀྱི་ཡོད་པར་འགྲེལ་བརྗོད་གནང་ཡོད་པ་རེད། འོན་ཀྱང་། ཅེག་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་མགྲིན་ཚབ་པས།  རྒྱ་ནག་ནི་གྲངས་ཉུང་མི་རིགས་སྣ་མང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང་།  མི་རིགས་ཚང་མ་འདྲ་མཉམ་དང་། ཆིག་སྒྲིལ། ཕན་ཚུན་མཉམ་ལས་དང་མཐུན་སྒྲིལ་ལྡན་པའི་སྒོ་ནས་འཚོ་བཞིན་ཡོད་པ་མ་ཟད།  རྒྱ་ནག་གཞུང་ནས་ཁྲིམས་ལུགས་གཞིར་བཟུང་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་དང་སྐད་དང་ཡི་གེ་རང་དབང་ཐོག་བཀོལ་སྤྱོད་བྱ་རྒྱུར་གལ་གནད་ཆེན་པོར་རྩིས་ཀྱིས་ཡོད་ལུགས་དང་འབྲེལ།  རྒྱ་ནག་གི་མི་རིགས་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་དེ་ནི་གྲངས་ཉུང་མི་རིགས་ཕན་ཚུན་ཆིག་སྒྲིལ་དང་ཡར་རྒྱས་ཡོང་ཐབས་ལ་དམིགས་པ་ཞིག་ལས་མི་རིགས་མཐུན་སྒྲིལ་གོང་འཕེལ་ལ་སྣང་ཆུང་དང་ཕན་ཚུན་མི་མཐུན་པ་བཟོ་རྒྱུའི་བྱ་རིགས་བཀག་སྡོམ་བྱེད་ཆེད་དུ་ཡིན་ལུགས་ཀྱིས།  ད་ལྟའི་ཆར་བོད་ནང་དཔལ་འབྱོར་ཡར་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། འཚོ་གནས་ཡར་རྒྱས། རིག་གཞུང་དང་གོམས་གཤིས་སྲུང་སྐྱོབ་བཅས་གང་ཅིའི་ཐད་ཡག་པོ་ཡོད་ལུགས་དང་། གྲངས་ཉུང་མི་རིགས་རྣམས་ལ་ཆོས་དད་དང་སྐད་ཡིག་གི་རང་དབང་ཆ་ཚང་བ་ཡོད་ལུགས་བཤད་འདུག

The post རྒྱ་ནག་གིས་ཅེག་གྲོས་ཚོགས་ནས་༸རྒྱལ་བའི་ཡང་སྲིད་ཐད་གྲོས་ཆོད་གཏན་འབེབས་གནང་བ་ལ་སྐྱོན་བརྗོད། appeared first on vot.

Original Article