རྒྱ་ནག་དང་བྱང་ཀོ་རི་ཡའི་འབྲེལ་ལམ་བཟང་བའི་སྐབས་འདིར་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་སླར་ཡང་བྱང་ཀོ་རི་ཡའི་མགོ་འཛིན་ཀིམ་ཇུང་ཨན་དང་ཐུག་འཕྲད་བྱས་ཏེ་ཨ་ཀོ་གཉིས་ཀྱི་འབྲེལ་ལམ་འཕེལ་རྒྱས་གཏོང་ཐུབ་བམ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
ཁ་སང་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡེ་ཡི་ཉིན་གྲངས་གཉིས་རིང་གི་བྱང་ཀོ་རི་ཡའི་གཞུང་འབྲེལ་སྐོར་སྐྱོད་དང་བསྟུན། རྒྱལ་ས་ཕེན་ཡང་དུ་ཀོ་རི་ཡའི་ཕྱི་སྲིད་བློན་ཆོ་སན་ཧེཡོ་(Choe Son Hui) དང་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱི་མཉམ་འབྲེལ་དམག་དོན་འཐབ་ཇུས་ཟེར་བ་གོང་མཐོར་དང་། རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱི་ཚོང་དོན་མཉམ་ལས་ཀྱི་འབྲེལ་ལམ་ཚུགས་ནས་མི་ལོ་ ༦༥ འཁོར་བ་དང་འབྲེལ། ཕྱོགས་གཉིས་ཀྱི་ཡུན་རིང་གཉེར་བའི་མཉམ་འབྲེལ་ལས་དོན་ཁག་སྔར་ལྷག་གཉེར་རྒྱུ་ཡིན་ལུགས་བསྒྲགས་པའི་ཁར། ད་ལན་ཝང་ཡེ་བྱང་ཀོ་རི་ཡར་མི་ལོ་བདུན་རྗེས་ཡོང་ཐེངས་ཐོག་མར་གྱུར།
གནད་དོན་དེ་དང་འབྲེལ་ནས་ཝང་ཡེ་ཡིས། རྒྱ་ནག་གིས་ཀོ་རི་ཡ་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་ཕྱོགས་གཉིས་ཀྱི་སྲིད་དོན་ཚོགས་པ་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་གཉིས་ཀྱི་ལམ་སྟོན་གཞིར་བཟུང་ཐབས་ཇུས་ཀྱི་འབྲེལ་མཐུད་སྲ་བརྟན་བཟོ་བ་དང་། མཉམ་ལས་ཤུགས་ཆེ་རུ་གཏོང་བ། ཕྱོགས་གཉིས་ཀྱི་མི་མང་ལ་ཁེ་ཕན་བསྐྲུན་པ། ཞི་བདེ་དང་འཕེལ་རྒྱས་མཉམ་དུ་གཏོང་འདུན་ཡོད། ཅེས་བཤད་འདུག
དེ་བཞིན་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གྱིས། ཀོ་རི་ཡས་རྒྱ་ནག་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་དང་། རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱེད་མཁན་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་མུར། ཐའེ་ཝན་དང་། བོད། ཤར་ཊུར་ཀི་སི་ཐན་ཚུད་པའི་རྒྱ་ནག་གི་མངའ་ཁོངས་ཀྱི་མཐའ་སྲུང་དང་བདེ་འཇགས་ཐོག་ལས་དོན་གཉེར་བ་དང་རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཅེས་བཤད་འདུག
རྒྱ་ནག་གཞུང་གི་མགྲིན་ཚབ་པ་ལྟ་བུར་གྱུར་བའི་རྒྱ་ནག་ཤིན་ཧྭ་གསར་ཁང་ལྟར་ན། ད་ལན་རྒྱ་ཀོ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་གཉིས་ཀྱི་ཐུག་འཕྲད་སྐབས། འདི་ལོར་ཕྱི་ལོ་ ༡༩༦༡ ལོར་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱི་ཚོང་དོན་འབྲེལ་ལམ་བཙུགས་ནས་མི་ལོ་ ༦༥ འཁོར་བའི་དུས་སྐབས་དང་བསྟུན། དེང་གི་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་འཕོ་འགྱུར་གྱི་ཁ་ཕྱོགས་བཞིན། དུས་རྟན་དུ་ཡིད་ཆེས་དང་མཛའ་བརྩེའི་ཐོག་གྲོས་མོལ་གྱི་ལམ་ནས་རྒྱབ་སྐྱོར། དེ་བཞིན་གཉིས་ཕན་གྱི་འབྲེལ་ལམ་ལས་མི་མང་འབྲེལ་འདྲིས་དང་རིག་གཞུང་བརྗེ་ལེན། ཀོ་རི་ཡའི་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་འབྱོར་ཡར་རྒྱས་གཏོང་བར་སྐུལ་འདེད་བྱ་རྒྱུ་ཡིན་ལུགས་ཀྱི་ཐད་ལ་གླེང་སློང་བྱས་འདུག་ལ། རྒྱ་ནག་དང་བྱང་ཀོ་རི་ཡའི་བར་འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་ཚོང་དོན་མཉམ་ལས་ཀྱི་ལས་དོན་གཉེར་ཡོད་ཅིང་། ཀོ་རི་ཡས་རྒྱ་ནག་ལ་མཚོ་ཟས་དང་། ལྕགས་རྡོ་(Iron ore)། རས་ཆ་སོགས་ཕྱིར་ཚོང་དང་། རྒྱ་ནག་ནས་སྣུམ་དང་རྡོ་སྣུམ་གྱི་ཐོན་རྫས་ཁག འཕྲུལ་རིགས། ཟས་རིགས། ཐོན་འབྲས་དང་རྫས་རིགས་སོགས་ནང་འདྲེན་བྱས་ནས། རྒྱལ་ཁབ་དེའི་ཚོང་དོན་གྱི་ཕྱིའི་རྒྱལ་ཁབ་ཀྱི་ཚོང་ཟོག་བརྒྱ་ཆ་དགུ་བཅུ་ལྷག་རྒྱ་ནག་ནས་སྐྱེལ་འདྲེན་བྱེད་ཀྱིན་ཡོད་སྟབས། རྒྱ་ནག་ནི་ཁེར་ཚུགས་སུ་གནས་པའི་བྱང་ཀོ་རི་ཡའི་ཚོང་དོན་གྱི་ཐོག་ནས་འབྲེལ་ལམ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་བས། རྒྱ་ནག་གིས་ཚོང་དོན་དང་ཐབས་ཇུས་ཀྱི་ཐོག་ནས་ཚོད་འཛིན་ནན་མོ་བྱེད་མུས་ཡིན་འདུག
ད་ལན་བློན་ཆེན་གཉིས་ཀྱིས་འདས་ལོར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་དང་ཀིམ་གཉིས་ཀྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་གནམ་སྡེ་སྒོ་མོ་ཆེར་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ཏེ་མི་ལོ་ ༨༠ འཁོར་བའི་དུས་དྲན་ཟེར་བའི་སྟེང་ནས་ཐུག་འཕྲད་བྱུང་སྐབས་ཀྱི་གཉིས་ཕན་ཐབས་ཇུས་ཟེར་བ་དང་། ཁ་བྲལ་ཐབས་མེད་པའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཟེར་བའི་ཐད་ལ་གླེང་སློང་བྱས་ཡོད་པའི་གྲོས་མཐུན་རྣམས་གཙོ་བོར་བཞག་ནས་གླེང་སློང་བྱས་ཡོད་ལུགས་བསྒྲགས་འདུག འོན་ཀྱང་། ད་ལྟ་འཛམ་གླིང་གི་རྒྱལ་ཁབ་མང་པོས་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་ཀིམ་གཉིས་ཀྱི་འབྲེལ་ལམ་དང་མཉམ་ལས་ཐད་ལ་དོ་སྣང་ཆེན་པོ་བྱེད་མུས་ཡིན་ཞིང་། སྐུ་ཞབས་ཊོམ་ཕུ་མཆོག་གིས་ཨ་རིའི་སྲིད་དབང་བཟུང་རྗེས། ཨ་རི་དང་བྱང་ཀོ་རི་ཡ་གཉིས་ཀྱི་མཉམ་འབྲེལ་ལས་དོན་སླད། ཀིམ་དང་ཐུག་འཕྲད་བྱ་འདུན་ཡོད་ལུགས་བསྒྲགས་ཀྱང་། ཉེ་ལམ་ཁོང་གི་རྒྱ་ནག་གི་ཕྱོགས་སྐྱོད་སོགས་ཕྱིར་འགྱངས་བྱས་པའི་དབང་གིས། ད་བར་ཨེ་ཤ་ཡའི་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་མ་ཐུབ་བས། ད་བར་བྱང་ཀོ་རི་ཡའི་མགོ་ཁྲིད་དང་ཐུག་འཕྲད་བྱས་ཐུབ་མེད་པ་རེད།
ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༣༠ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་ཀིམ་ཇུང་ཨན་གཉིས་ལྷོ་བྱང་ཀོ་རི་ཡའི་རྒྱལ་མཚམས་སུ་ཐུག་འཕྲད་གནང་ཡོད་པ་མ་ཟད། ཀིམ་ཇུང་ཨན་གྱི་སྣེ་ལེན་ལྟར་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཀིམ་དང་ལྷན་དུ་བྱང་ཀོ་རི་ཡའི་ས་ཆའི་ཐོག་གོམ་པ་ ༢༠ སྤོས་ཏེ། དེ་ནི་ལོ་རྒྱུས་ནང་ཨ་རིའི་ལས་ཐོག་སྲིད་འཛིན་ཞིག་བྱང་ཀོ་རི་ཡའི་ས་ཐོག་ཏུ་ཕེབས་པ་ཐོག་མ་ཆགས་ཡོད་ཅིང་། སྐབས་དེ་ནས་ཊོམ་ཕུ་སྲིད་གཞུང་གིས་བྱང་ཀོ་རི་ཡར་འབྲེལ་ལམ་འཛིན་ཐབས་དང་། རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་ཇེ་ཉུང་དུ་འགྲོ་རྒྱུའི་རེ་བ་བཅངས་ཡོད། ཕྱི་ལོ་ ༢༠༡༨ དང་ ༢༠༡༩ ལོར་ཀིམ་དང་རྒྱ་ནག་གི་ཞི་ཅིན་ཕིན་གཉིས་ཐེངས་འགར་ཐུག་འཕྲད་བྱས་པ་མ་ཟད། ཕྱི་ལོ་ ༢༠༡༨ ལོར་ཀིམ་ཇུང་ཨན་སྔོན་ཆད་ཁོའི་ཕ་རྒན་ཀེམ་ཇུང་ཨེལ་རྒྱ་ནག་ནང་སྐྱོད་བྱེད་ཀྱི་མེ་འཁོར་ནང་བསྡད་དེ། ཁུ་སིམ་སིམ་གྱིས་རྒྱ་ནག་པེ་ཅིན་དུ་ཕྱིན་ཡོད་ཅིང་། སྐབས་དེར་རྒྱ་ནག་གཞུང་གིས་ཀིམ་ལ་མཐོང་ཆེན་གྱིས་ཉིན་མ་མང་པོར་མེ་འཁོར་གྱི་འགྲུལ་བཞུད་བཀག་ནས། ཀིམ་གྱི་རྒྱ་ནག་གི་འགྲུལ་བཞུད་ལ་སྣེ་ལེན་ཟབ་རྒྱས་བྱས་ཡོད་པས། ལྷོ་ཀོ་རི་ཡས་ཀིམ་གྱི་རྒྱུན་ལྡན་མིན་པའི་ཐེངས་དེའི་འགྲུལ་བཞུད་དེའི་ཐད་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པའི་མུར། སླར་ཡང་རྒྱ་ཨུ་ཀོ་གསུམ་གྱི་གཏིང་ནག་པའི་མཉམ་འབྲེལ་ལ་དོགས་གཟོན་བྱ་དགོས་སྐོར་བསྒྲགས།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





