རྒྱ་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་གཙོ་བོར་འགྱུར་བའི་ནང་པའི་བླ་སྤྲུལ་བརྒྱ་སྐོར་ཞིག་འདུ་བསྐོང་ཐོག་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བཅུ་གཅིག་པའི་རྒྱལ་ཁབ་ཡོངས་ཀྱི་འཐུས་མི་ཚོགས་ཆེན་སྐོང་འཚོགས་བྱས་འདུག
དེ་ཡང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཟླ་བ་འདིའི་ཚེས་ ༢༨ ནས་ ༢༩ བར་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བཅུ་གཅིག་པའི་རྒྱལ་ཁབ་ཡོངས་ཀྱི་འཐུས་མི་ཚོགས་ཆེན་སྐོང་འཚོགས་བྱས་འདུག་པ་དང་། དེའི་ཐོག་ཏུ་རྒྱ་ནག་གི་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་གཙོས་བོད་ཀྱི་བླ་སྤྲུལ་སྟོང་སྐོར་འབྲོང་པ་དང་། བཀྲ་ཤིས་རྒྱལ་མཚན། བློ་བཟང་བསྟན་པའི་དབང་ཕྱུག ཡོན་ཏན་རྒྱ་མཚོ་དང་། བསྟན་པའི་རྒྱལ་མཚན། འཕགས་པ་ལྷ། བློ་བཟང་འཇིགས་མེད། ཐུབ་བརྟན་ཆོས་ཀྱི་ཉི་མ་སོགས་བོད་ཁུལ་གང་ས་ནས་མཉམ་ཞུགས་བྱས་པ་མ་ཟད། རྒྱ་ནག་རྒྱལ་ཁབ་ཡོངས་ཀྱི་ཞིང་ཆེན་ ༣༡ དང་ཆོས་བརྒྱུད་སོ་སོའི་སྐུ་ཚབ་ཁྱོན་མི་ ༥༤༧ དེ་བཞིན་དམིགས་བསལ་མགྲོན་འབོད་བྱས་པའི་རྒྱ་ནག་གི་འགོ་ཁྲིད་ ༡༠༦ བཅས་ཚང་འཛོམས་བྱས་འདུག
ཐེངས་འདིའི་ཚོགས་འདུའི་དགོས་དམིགས་གཙོ་བོ་ནི་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་རྒྱལ་ཁབ་ཡོངས་ཀྱི་འཐུས་མི་ཚོགས་ཆེན་འདུ་ནས་ཏང་གི་བྱ་བར་རམ་འདེགས་བྱ་དགོས་པའི་འཆར་གཞི་ཡིན་ཞིང་། འབྱུང་འགྱུར་ལོ་ ༥ ནང་རྒྱ་ནག་གི་མ་འོངས་དང་འབྲེལ་ཡོད་ཀྱི་ལས་དོན་ཞིབ་ཕྲ་གཏན་འབེབས་བྱ་རྒྱུ་དེ་རེད་འདུག
གཞི་རྩའི་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་འདས་པའི་ལོ་ལྔའི་རིང་གི་ལས་དོན་གཙོ་བོ་ཁག་ལ་བསྐྱར་ཞིབ་དང་། དགོན་ཁུངས་སོ་སོ་ནས་ལས་བསྡོམས་ཞིབ་བཤེར་བྱས་པ་མ་ཟད། ཕྱི་ལོ་ ༢༠༢༦ ནས་བཟུང་རྒྱ་ནག་ནང་བསྟན་མཐུན་ཚོགས་དང་། རྒྱལ་ཁབ་ཡོངས་ཀྱི་ནང་བསྟན་གྱིས་དུས་རབས་གསར་པ་དང་འགྲུལ་ལམ་གསར་པ། དགོས་འདུན་གསར་པ་ལ་གཞི་རྩ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་སློབ་སྦྱོང་ནན་ཏན་བྱས་ནས་ཏང་གི་དམིགས་དཔེར་འོས་པའི་དགོན་སྡེ་འཛུགས་སྐྲུན་བྱེད་རྒྱུ་གྲོས་ཆོད་བཞག་ཡོད་པ་རེད།
མ་ཟད་ཞི་ཅིན་ཕིང་གི་བསམ་བློར་སློབ་སྦྱོང་དང་ཡོངས་སུ་འཆར་གཞི་འགྲུབ་པ་བྱེད་དགོས་ཤིང་། ཚང་འཛོམས་གྲོས་ཚོགས་རེ་རེའི་ནང་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་དགོས་པ། དེ་བཞིན་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་དང་འབྲེལ་བའི་གལ་ཆེན་གྱི་གསུང་བཤད་ལ་སློབ་སྦྱོང་དང་། དབུས་གཞུང་གི་སྒྲིག་གཞི་བརྩི་སྲུང་བྱས་ནས་བཟང་པོ་གསུམ་ལྡན་གྱི་གྲྭ་བཙུན་དང་སྔོན་ཐོན་དགོན་སྡེའི་ཁ་ཕྱོགས་ལ་གོམ་པ་སྤོས་དགོས་ལུགས་སོགས་ནན་བཤད་བྱས་འདུག
རྩ་བའི་རྒྱ་ནག་གི་པཎ་ཆེན་རྒྱལ་མཚན་ནོར་བུ་ཡིས་འདི་ལོའི་ཕྱི་ཟླ་ ༦ པ་ནས་འགོ་བཙུགས་ཏེ། ལྷ་ས་དང་ཆབ་མདོ། ནག་ཆུ། གཞི་ཀ་རྩེའི་བཀྲ་ཤིས་ལྷུན་པོའི་དགོན་པ་བཅས་སུ་བསྐྱོད་དེ། དུས་འཁོར་དབང་ཆེན་གཙོ་བོར་འགྱུར་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་། སྤྱི་ཚོགས་ཞིབ་འཇུག དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ཚོགས་འདུ་ཁག་གཅིག་གི་ཐོག་ལ་མཉམ་ཞུགས་བྱས་ཡོད་པའི་ཁྲོད། བཀྲ་ཤིས་ལྷུན་པོ་དགོན་དུ་ཁོང་པཎ་ཆེན་རིན་པོ་ཆེར་ཁྲི་འདོན་བྱས་ཏེ་ལོ་ངོ་ ༣༠ འཁོར་བའི་དུས་ཚིགས་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། སྐབས་དེར་ཁོང་གིས་ཕྱི་ལོ་ ༡༩༩༥ ལོར་ལོ་རྒྱུས་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཚུལ་མཐུན་གྱི་འོག་ནས་ཁོང་ངོས་འཛིན་དང་ཁྲི་འདོན་བྱས་ཡོད་སྐོར་དང་འབྲེལ་ནས་རྒྱ་ནག་གཞུང་གི་ངོས་ནས་ཆོས་དད་རང་དབང་གི་སྲིད་བྱུས་རྣམས་ལག་བསྟར་བྱ་རྒྱུའི་བློ་དང་འདུན་པ་ཡོད་པ་དང་། བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་རྒྱ་ནག་གཞུང་ལ་བདག་དབང་ཆ་ཚང་ཡོད་ལུགས་སོགས་བརྗོད་ཡོད་པ་རེད།




