བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཕྱི་ཚེས་ ༩ ཉིན་རྒྱ་གར་ལྷོ་ཕྱོགས་ཁུལ་ནས་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ལྡི་ལི་སྐུ་ཚབ་དོན་གཅོད་བརྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན། མགོན་པོ་༸གང་ཉིད་མཆོག་ཕྱིར་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཞབས་སོར་མ་འཁོད་པའི་ལམ་ཞོར་དེར། རྒྱལ་ས་ལྡི་ལིའི་ནང་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་ཀྱི་རིང་༸སྐུའི་འཕྲོད་བཞེས་དང་འབྲེལ། ཚེམས་དང་སྤྱན་བཅས་ཀྱི་རྟགས་དཔྱད་གནང་རྒྱུ་མ་ཟད། དེ་ནས་ཕྱི་ཚེས་ ༡༢ ཉིན་མགོན་པོ་༸གང་ཉིད་མཆོག་ནས་ཁུལ་འདིར་ཆེས་མཐོའི་གནད་ཀྱི་ཡོད་མི་སྣ་ཁག་གཅིག་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཡོད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ནས་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་སུ་ཞིབ་ཕྲའི་བཀའ་འདྲི་ཞུ་ཐབས་བྱས་ཀྱང་། ཁོང་ནས་ཐུགས་གཏན་འཁེལ་བའི་མཛད་འཆར་དེ་དག་ལས་ཆེས་མཐོའི་མི་སྣ་སུ་དང་སུ་མཇལ་འཕྲད་གནང་གི་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་གསུངས་མ་སོང་། གཞི་རྩའི་བོད་མི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོཊ་འདོད་རྒུ་གླིང་ཁུལ་དུ་ཟླ་བ་གཉིས་ཙམ་རིང་སྐུ་བཞུགས་མཛད་དེ། ཁ་སང་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་པ་ཞིག་ཡིན་པ་དང་། འདི་ཚེས་ ༡༣ ཉིན་བཞུགས་སྒར་རྡ་རམ་ས་ལའི་༸རྒྱལ་བའི་ཕོ་བྲང་དུ་ཆིབས་བསྒྱུར་སྩལ་གནང་རྒྱུ་རེད་འདུག
The post རྒྱལ་ས་ལྡི་ལིར་ཆེས་མཐོའི་མི་སྣ་ཁག་གཅིག་གིས་༸གོང་ས་མཆོག་མཇལ་འཕྲད་གནང་རྒྱུ། appeared first on vot.





