ས་གནས་འགོ་འཛིན་རྣམས་ལ་མཇལ་ཁ་དང་བཀའ་སློབ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཚོགས་བཅར་བ་ཚོས་ཇེ་ལྟར་གསོལ་འདེབས་ཞུས་པ་བཞིན་མགོན་པོ་མཆོག་ནས་དེ་རིང་སྤྱི་ཟླ་ ༡༡ ཚེས་ ༡༣ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཁོང་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་འདུག
བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་དྲུག་པ་དེ་བཞིན་སྤྱི་ཟླ་ ༡༡ ཚེས་ ༡༡ ཉིན་ནས་འགོ་འཛུགས་ཏེ་ཚེས་ ༡༤ བར་ཉིན་གྲངས་བཞི་རིང་གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་གསོལ་ཚིགས་ཁང་གི་ཚོགས་ཁང་དུ་འཚོགས་གནང་རྒྱུ་ཡིན་པ་དང་། ཚོགས་ཆེན་དེའི་ནང་བལ་ཡུལ་ས་གནས་འགོ་འཛིན་དང་། ལུགས་བསམ་ས་གནས་འགོ་འཛིན། སྤོན་ཊ་ས་གནས་འགོ་འཛིན་མ་གཏོགས་གཞན་ས་གནས་འགོ་འཛིན་ ༣༥ དང་ལྷན་དུ་སོ་ནམ་སློབ་སྟོན་པ་དང་མཉམ་འབྲེལ་གྱི་སྐུ་ཚབ་བཅས་མཉམ་ཞུགས་གནང་ཡོད་པ་རེད་འདུག
རྩ་བའི་ས་གནས་འགོ་འཛིན་གྱི་ཚོགས་ཆེན་དེ་ལོ་གཉིས་རེའི་མཚམས་སུ་དབུས་ས་གཉིས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་དཀའ་ངལ་དང་། འཐུས་ཤོར་ལེགས་བཅོས་བྱེད་སླད་འཚོག་བཞིན་ཡོད་པ་རེད།





